
གངས་ར་བས་བསྐོར་བའི་ཞིང་འདིར། །
ནང་ཕུ་ནུའི་མཐུན་སྒྲིལ་ཟབ་ཅིང་། །
ང་ཁྱོད་ཀྱི་ཕྱོགས་རིས་བྲལ་ན། །
ངའི་སེམས་པ་དྲོད་ཀྱིས་ཁེངས་འགྲོ།
དྲིན་ཕ་མར་མིག་རྒྱང་རིང་ཞིང་། །
གོང་རྒན་ལགས་ཤེས་ཡོན་འཛོམས་པ། །
བློ་གསལ་གྱི་སློབ་མང་འདུས་ན། །
ངའི་སེམས་པ་དྲོད་ཀྱིས་ཁེངས་འགྲོ །
རང་སྐད་ཡིག་གཙོ་བོར་འཛིན་ནས། །
གཞན་རིག་གཞུང་ལེགས་ཆ་བཏུས་ནས། །
སྔོན་ཐོན་གྱི་ལམ་ལ་ཆས་ན། །
ངའི་སེམས་པ་དྲོད་ཀྱིས་ཁེངས་འགྲོ །
ཁྱོའི་ལུགས་དེ་བདེན་པ་མ་རེད། །
ངའི་ལུགས་འདི་ཡང་དག་ཞེས་སོགས། །
དགོས་མེད་ཀྱི་རྩོད་པ་དོར་ན། །
ངའི་སེམས་པ་དྲོད་ཀྱིས་ཁེངས་འགྲོ །
རང་སྐད་འདི་ང་ཚོའི་སྲོག་རེད། །
གཞན་སྐད་དེ་ཁྱོད་ཀྱིས་རྒྱན་རེད། །
རང་རིགས་ལ་རང་སྐད་སྤྱོད་ན། །
ངའི་སེམས་པ་དྲོད་ཀྱིས་ཁེངས་འགྲོ། །
བློ་ཁོག་རྒྱ་མཁར་ལྟར་ཡངས་ཤིང་། །
ཤེས་ཡོན་ཏན་མཚོ་ལྟར་ཟབ་པའི། །
གཞོན་རྟོགས་སད་མང་དུ་བྱུང་ན། །
ངའི་སེམས་པ་དྲོད་ཀྱིས་ཁེངས་འགྲོ། །
སྐད་སྙན་མོས་གཞན་ཡིད་བཀུགས་ཤིང་། །
དོན་ཟབ་པས་ཡར་བསྐུལ་ལེགས་པའི། །
གཞོན་གསར་སྐྱེས་གླུ་བ་མང་ན། །
ངའི་སེམས་པ་དྲོད་ཀྱིས་ཁེངས་འགྲོ །
གཞུང་གང་ལ་འབད་བརྩོན་བྱེད་ཅིང་། །
ལུགས་གང་ལ་ལྟ་རྒྱ་ཆེ་བའི། །
དྲང་བདེན་རྩོམ་པ་པོ་ཐོན་དུས། །
ངའི་སེམས་པ་དྲོད་ཀྱིས་ཁེངས་འགྲོ། །
བོད་ཁ་བའི་ཆབ་དཔལ་རིག་གསུམ། །
ཡར་རྒྱས་དབྱར་མཚོ་ལྟར་རྒྱས་ཤིང་། །
སྔོན་ཐོན་གྱི་གྲལ་དེར་ཚུད་ན། །
ངའི་སེམས་པ་དྲོད་ཀྱིས་ཁེངས་འགྲོ །
དྲིན་ཕ་མར་གོང་དུ་བཀུར་ཞིང་། །
རོགས་ཕན་ཚུན་བརྩེ་དུངས་ཟབ་པའི། །
ཡིད་མཐུན་པའི་བུ་མོ་འཕྲད་ན། །
ངའི་སེམས་པ་དྲོད་ཀྱིས་ཁེངས་འགྲོ །
༢༠༡༢ལོའི་ཟླ་༣པའི་ཚེས་༣༡ཉིན་ཆབ་མདོ་རུ་བྲིས།