ཁྱུང་སྤྲུལ་འཇིག་མེད་ནམ་མཁའི་རྡོ་རྗེ་ངོ་སྤྲོད་རགས་བསྡུས། །
ཁྱུང་སྤྲུལ་འཇིག་མེད་ནམ་མཁའ་རྡོ་རྗེ་མཆོག་ནི་མདོ་ཁམས་དངུལ་རྫ་ཟིལ་མོའི་སྒང་གི་སྟོད།
ཡུལ་སྤ་བ་ལུང་ན་ཟེར་བར་ཡབ་བསོད་ནམས་བསྟན་དར་དང་ཡུམ་བསོད་ནམས་
མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་བྱ་༼ ༡༨༩༧ ༽ལོར་འཁྲུངས།
མཚན་ལ་བསོད་ནམས་བསྟན་འཛིན་ཞེས་གསོལ། དགུང་ལོ་༧ལ་བྱ་བྲལ་
དྲང་སྲོང་རྒྱལ་བ་ཚུལ་ཁྲིམས་དགེ་རྒན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་སྦྱངས།
སྐྱབས་འགྲོ་དང་སེམས་བསྐྱེད། སྙིང་པོ་རྣམ་གསུམ། གསོལ་འདེབས་སོགས་ཁྲི་ཕྲག་དུ
མ་བསགས་ཤིང་། ཡི་གེ་རྫབ་ཤར་དཀར་ནག་གང་ལའང་ཀློག་འདོན་ཐོགས་མེད་དུ་
བྱུང་། དགུང་ལོ་༡༡ནས་དབལ་གསས་བོ་སྐྱོངས། ཞི་ཁྲོ་ཁྲི་མཆོད། ཁྲོ་བོའིབསྙེན་སྒྲུབ།
མ་མོ་སྦོད་གཏོང་སོགས་འདོན་རིམ་དང་། དཀྱིལ་འཁོར་ཐིག་རྩ་འབྲི་སྟངས།
གཏོར་ཟོར་གྱེར་དབྱངས་དང་ཕྱག་རྒྱ།སྨན་རྩིས།ལྷ་རིས་སོགས་ལ་སྦྱངས་པ་ཕུལ་དུ་ཕྱིན།
ལྕགས་ཕག༡༩༡༡ལོར་དགེ་སློང་སྒོ་སྟོན་ཉི་མ་རྒྱལ་མཚན་རིན་པོ་ཆེ་དང་དགེ་སློང་དྲང་སྲོང་རྒྱལ་བ་ཚུལ་ཁྲིམས་མཆོག་གཉིས་ཀྱིས་་་
དྲུང་ནས་རབ་ཏུ་བྱུང་བའི་སྡོམ་པ་ཉེར་ལྔ་ཡང་དག་པར་བཞེས།མཚན་ལ་གཡུང་དྲུང་རྒྱལ་མཚན་གསོལ།ས་ལུག ༡༩༡༩ལོར
དབུས་གཙང་དུ་ཕེབས།གཙང་ཐོབ་རྒྱལ་མཚན་སྨན་རི་དགོན་གྱི་མཁན་ཆེན་ཕུན་ཚོགས་བློ་གྲོས་ལ་བསྙེན་རྫོགས་ཞུས།མཚན་ཡང་
གཡུང་དྲུང་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ།སྨན་རིར་སྒྲུབ་ཆེན་གྱི་དབང་ལུང་ཡོངས་རྫོགས་གསན། དེ་ནས་ཕྱོགས་མེད་
རི་ཁྲོད་འགྲིམ་རྒྱུ་ལ་ཐུགས་ཕྱོགས།དཔལ་ལྡན་གྲྭ་ས་གོང་འོག་བར་གསུམ་ལ་ཕེབས་ནས་མཁའ་གྲུབ་བླ་མ་བཤེས་གཉེན་མང་དུ་བསྟེན།
ཕྱི་ནང་གི་དབང་ལུང་ཁྲིད་གསུམ་རྒྱ་ཆེ་གསན།གནས་ཆེན་སྒྲུབ་གནས་བྲག་ཕུགག་ཁག་དང་།དུར་ཁྲོད་ལའང་
བསྐྱེད་རྫོགས་ཟུང་འབྲེལ་གྱི་ཟབ་མོའི་སྒྲུབ་པ་ལྷུར་བཞེས་མཉམ་ལེན་རྒྱས་པར་མཛད།
རྒྱ་གར་དང་བལ་ཡུལ། ཟ་ཧོར། ཨོ་རྒྱན། བྲུ་ཤ་སོགས་ཀྱི་གནས་རྟེན་རྣམས་མཇལ།
ཁུ་ནུའི་བརྒྱུད་ཡུལ་༡༦གི་དམར་མཆོད་སྤང་དུ་བཅུག དེ་བཞིན་ཁྱུང་ལུང་རི་ཁྲོད་
དུ་མཚམས་སྒྲུབ་ཉམས་ལེན་མཛད། གངས་དཀར་ཏི་སེ་དང་གུར་རྒྱལ་ལྷ་མཚོ།
མཚོ་མ་པང་སོགས་སུ་གནས་མཇལ་ལ་ལན་མང་ཕེབས། མེ་བྱི ༡༩༣༦ལོར
ཁྱུང་ལུང་དངུལ་མཁར་དགོན་གྱི་རྨང་གཞི་བཏིང་ནས་ཤིང་སྤྲེལ་༡༩༤༤ལོར
གྲུབ། ནང་རྟེན་ཁྱད་པར་ཅན་ལེགས་པར་བཞེངས། རྗེ་འདི་ཉིད་ཀྱི་ལྗགས་རྩོམ་
ལ་མཚོན་ན༼ གསོ་རིག་བསྟན་བཅོས་སྨན་སྦྱོར་སྟོང་རྩ ༽
༼ རྩིས་གཞུང་ཞག་གསུམ་རྒྱས་སྤེལ་དཔྱད་གསུམ་དག་རྩིས ༽
༼ ཚོགས་འདོན་བརྒྱུད་རིམ་བླ་མའི་གསོལ་འདེབས ༽
༼ དཔྱད་གསུམ་འབྲས་རྩིས་རད་ཎི་བང་མཛོད ༽ ༼ སྔག་འབུམ ༽
༼ ཀེག་རྩིས་རྡེའུ ༽ ༼ དཀྱིལ་འཁོར་ཐིག་རྩ ༽
༼ མིང་གཞི་དང་བརྡ་སྤྲོད་རྩ་འགྲེལ ༽ ༼ དབྱངས་ཅན་སྒྲ་མདོའི་འགྲེལ་པ ༽
སོགས་གླེང་བམ་༡༣བཞུགས།ཐུགས་སྲས་དགེ་སློང་བསྟན་འཛིན་དབང་གྲགས་མཆོག་དང་། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་མཆོག་དང་།
མཁས་མཆོག རྒྱ་མཚོ། དར་པོ། རྒྱལ་མཚན། བདེ་མཆོག གསང་སྔགས། གཡངུདྲུང་རྒྱལ་མཚན།
བསྟན་པ་ཚུལ་ཁྲིམས་སོགས་མང་དུ་བྱུང་། ལྷག་པར་དུ་རྒྱལ་བའི་གསུང་རབ་དང་རྗེ་
ཉིད་ཀྱི་ལྗགས་རྩོམ་གླེགས་བམ། དཔྱད་གསུམ་ལོ་ཐོ་སོགས་དཔར་དུ་གྲངས་འབོར་ཆེན་བསྐྲུན་ཡོད།
མཐར་དགུང་ལོར་ང་དགུ་ཕེབས་པ་རབ་བྱུང་༡༦པའི་ཤིང་ལུག༡༩༥༥ལོར་ཞི་བར་གཤེགས་སོ།
དམ་པ་ཁོང་གི་རྣམ་མགུར་དེབ་གཟུགས་ལས་ཇི་བཞིན་ཡིག་བཏགས་བྱས།