དྲན་བསྐུལ། །
རྩོམ་པ་པོ། ཁྱུང་སྤྲུལ་འཇིག་མེད་ནམ་མཁའི་རྡོ་རྗེ། །
མ་ཚོར་དྲན་པ་བསྐུལ་བྱེད་ཀྱི་
གཏམ་གཉིད་འཐུག་དཀྲོགས་པའི་ལྷ་རྔ་
ཞེས་བྱ་བ་ན་མ་ཀྲོ་ཏ་གུ་རུ་ཡེ།
བོན་ཉིད་མཁའ་གསལ་རྒྱལ་བ་ཀུན་སྣང་ཁྱབ། །
རྫོགས་ཆེན་དབྱིངས་གདངས་ཁྲོ་རྒྱལ་མཁའ་འགྱིང་ཁ། །
སྤྲུལ་པའི་ཀློང་རྩལ་དབལ་གཤེན་སྟག་མེ་འབར། །
སྤ་སྟོན་ཉི་མའི་མཚན་གྱི་ཞབས་ལ་འདུད། །
སྙིགས་དུས་རང་འདྲའི་མཆོག་དམན་དགེ་གཟུགས་ལ། །
སྙིང་གཏམ་དྲན་པ་གསོ་བའི་ཆོས་ཀྱི་གླུ། །
སྙིང་འདྲའི་མི་ལ་སྦས་གསང་མེད་པར་ཞུ། །
དམ་པའི་སྐྱེས་བུ་གཏམ་འདིས་བསྐུལ་མིན་ཅིང་། །
ཟོག་རྫུན་ཕྲག་དོག་ཅན་ཡང་འདིས་མི་འདུལ། །
བོན་སྒུར་ཞུགས་ཀྱང་ཆོས་བརྒྱད་དབང་ཤོར་ཞིང་། །
བརྗོད་བྱེད་བདུད་ཀྱིས་ཡིད་དབང་རྨུག་བྱས་གང་། །
གཏི་མུག་གཉིད་ལ་དཀྲོག་བྱེད་ཆོས་བརྒྱད་སྐྱོན། །
ངོས་བཟུང་མཚང་ཐོག་དབབ་པའི་མན་ངག་གནད། །
རེ་དོགས་མེད་པར་གདམས་པའི་གླུར་བླངས་བས། །
ཁྲོ་མེད་དྲང་པོའི་ཡིད་ཀྱིས་དཔྱད་པར་རིགས། །
དེས་ནས་གསོན་དང་གཟུགས་བརྙན་དགེ་བྱེད་རྣམས། །
བོན་བཞིན་པའི་བཅོས་པའི་སྤྱོད་ཚུལ་མ་ངོམས་ནས། །
ཚེ་འདིར་དོན་ཆུང་གཉེར་ལ་ཐུགས་དགྱེས་ཀྱང་། །
ཕྱི་མའི་དོན་ཆེན་སྟོར་བ་མ་ཚོར་རམ། །
ཕྱུག་པོ་སེར་སྣ་ཅན་གྱི་ཡོན་བདག་རྣམས། །
ན་དང་ཤི་དང་རྒས་རྒྱགས་བྱ་སྙམ་ནས། །
མི་བྲ་ཞེན་འཛིན་ཅི་ལ་ཐུགས་དགྱེས་ཀྱང་། །
ཡོ་བྱད་དགྲ་འདྲེས་བརླག་པ་མ་ཚོར་རམ། །
མིག་སྔར་དགེ་སྤྱོད་གཟབ་པའི་ཆོས་པ་རྣམས། །
མི་དཔོན་སྦྱིན་བདག་མགྲོན་པོས་རྐྱེན་བསླངས་ཏེ། །
བཤམས་བཀོད་ཕྱི་བདར་ཞིག་ལ་ཐུགས་དགྱེས་ཀྱང་། །
བསོད་ནམས་ཆོས་པོས་བརྐུས་པ་མ་ཚོར་རམ། །
ལྟོ་རྒྱབ་གཏམ་སྙན་རེ་བའི་མཚམས་པ་རྣམས། །
གྲོང་ངམ་དགོན་ཆུང་ཞིག་གི་ལྟག་ཉེས་ནས། །
རྔ་ཆུང་དིང་དིང་ཞིག་ལ་ཐུགས་དགྱེས་ཀྱང་། །
ཉན་ཡུལ་སྙན་ཆོས་སོང་བ་མ་ཚོར་རམ། །
འཇིག་རྟེན་སྒོ་འགྲིམ་བྱེད་པའི་གཅོད་པ་རྣམས། །
སྐད་འགྱུར་དབྱངས་སྙན་ཞལ་གདངས་སྤྱན་བགྲད་ནས། །
ཌཱར་གོག་ཁྲོག་ཁྲོག་ཅིག་ལ་ཐུགས་དགྱེས་ཀྱང་། །
འཚོ་བ་ཉུང་དུ་སོང་བ་མ་ཚོར་རམ། །
དྲག་སྤྱོད་དགྲ་འདྲེ་བརྡུང་བའི་སྔགས་པ་རྣམས། །
སྣང་བ་ཐམས་ཅད་དགྲ་དང་འདྲེས་བསླངས་ནས། །
ཧྰུང་ཕཌ་མ་ར་ཡ་ལ་ཐུགས་དགྱེས་ཀྱང་། །
རང་གིས་རང་བརྡུང་བྱས་པ་མ་ཚོར་རམ། །
སྣང་ངོར་ལེགས་ལགེས་འདྲ་བའི་བཙུན་པ་རྣམས། །
ཕ་རོལ་ཡི་ག་འདྲེན་ལ་བློ་གཏད་ནས། །
གཟུགས་བཅོས་ཚུལ་གཟབ་གཅིག་ལ་ཐུགས་དགྱེས་ཀྱང་། །
སྣང་བ་དོགས་པས་བསླུས་པ་མ་ཚོར་རམ། །
ལྟར་སྣང་ཨོ་བཟོ་ལེགས་པའི་བན་རྒན་རྣམས། །
མཆོད་སྦྱིན་ཆག་མེད་གཏོང་ལ་སྙེམ་འཆའ་ནས། །
ཏིང་ཤག་སིལ་སིལ་དེ་ལ་ཐུགས་དགྱེས་ཀྱང་། །
དམིགས་གཏད་འབྲེལ་དུས་མདེ་དེ་མ་ཚོར་རམ། །
ཁ་སྤྱང་གཞན་མགོ་སྐོར་བའི་བླ་ཆུང་རྣམས། །
བསྟན་དང་འགྲོ་ཕན་དོན་ལ་བརྙེད་གཡར་ནས། །
རྟ་ང་རླུང་རྫིའི་བསྐྱོད་པར་ཐུགས་དགྱེས་ཀྱང་། །
འདོད་བློས་དཀོར་རྫས་འཇུ་དཀའ་མ་ཚོར་རམ། །
དགོན་གྲོང་གཉིས་འགོ་འཛིན་པའི་དགེ་རྒན་ཚོ། །
ཚོང་བུན་གསོག་བྲུན་རྙེད་ལ་ཐུགས་སྒྲིམ་ནས། །
རྟན་ཞོན་མཚོན་ཐོགས་བསྐྱོད་ལ་ཐུགས་དགྱེས་ཀྱང་། །
ལྟོས་བཅས་ལོག་པར་གོལ་དེ་ཚོར་རམ་ཅི། །
ལྷ་གཡང་རིམ་གྲོས་འཚོ་བའི་བོན་རྒན་རྣམས། །
འདི་ཐོབ་ཆུང་མ་བུ་ལ་གཏད་བསམ་ནས། །
གཏོ་ཡི་ཡོན་ལེན་དེ་ལ་ཐུགས་དགྱེས་ཀྱང་། །
བག་ཆགས་རང་འགོ་འཁྲིད་པ་མ་ཚོར་རམ། །
གསང་སྔགས་གྲོང་པར་འཁྱེར་བའི་སྒྲུབ་གཤེན་རྣམས། །
བསྲུང་བཟློག་བསང་ཁྲུས་ཆོ་ག་ནན་བསླབ་ནས། །
རྔ་པགས་རལ་རལ་གསུང་ལ་ཐུགས་དགྱེས་ཀྱང་། །
བསྐྱེད་རིམ་འདྲེ་ཡིས་བརྐུས་དེ་ཚོར་རམ་ཅི། །
ཐུགས་དམ་ལྟོ་ཡོན་དམིགས་པའི་བླ་མཆོད་རྣམས། །
སྟོད་འཁྲུགས་མིག་ཉམས་གསུང་ཡང་འགག་བྱས་ནས། །
འུར་འུར་འབུག་འབུག་ཅིག་ལ་ཐུགས་དགྱེས་ཀྱང་། །
ཡོན་ཟད་དཀོར་སྒྲིབ་ལྷག་དེ་ཚོར་རམ་ཅི། །
རེ་དང་འཁང་བའི་ཡུས་ཆེན་གནས་སྐོར་རྣམས། །
འཛམ་གླིང་མཐའ་སྐོར་ཙམ་གྱི་འུད་སྨོས་ནས། །
ས་ཚོང་རྡོ་ཚོང་འགྱེད་ལ་ཐུགས་དགྱེས་ཀྱང་། །
རང་དགེ་ཁྲོག་བརླག་བྱེད་པ་ཚོར་རམ།་ཅི། །
སྐྱ་སེར་གཉིས་གོ་ཆོད་པའི་དགེ་མ་རྣམས། །
མི་དགོས་བླ་མ་གྲྭ་བའི་ཐབ་བཟུང་ནས། །
ལྟོ་བསྐོལ་གསོལ་འདྲེན་ཞིག་ལ་ཐུགས་དགྱེས་ཀྱང་། །
གཏམ་ངན་གཉིས་འགོ་འཁྲིད་པ་མ་ཚོར་རམ། །
བརྙན་པའི་མེ་ཏོག་ལམ་ངལ་གྲྭ་པ་རྣམས། །
དམ་པས་སྨོད་པའི་ལས་ལ་མི་འཇིགས་ནས། །
ཁྲེལ་འདས་ཤ་ཚུགས་འཛིན་ལ་ཐུགས་དགྱེས་ཀྱང་། །
སེར་སྐྱ་གང་ལ་ཡ་ཆ་ཚོར་རམ་ཅི། །
ཚོགས་དབུས་ཁྲི་མཐོར་འཛེག་པའི་མཁན་པོ་རྣམས། །
དམར་སེར་ཆོས་གོས་གསུམ་གྱིས་ཕྱི་མཛེས་ནས། །
ཆེ་གྲགས་སྲིད་ཁྲིམས་སྐྱོང་ལ་ཐུགས་དགྱེས་ཀྱང་། །
འདུལ་བའི་ལུགས་དང་འགལ་བ་མ་དགོངས་སམ། །
སྡོམ་དམ་གཞན་ལ་སྦྱིན་པའི་སློབ་དཔོན་རྣམས། །
སུམ་ལྡན་རྡོ་རྗེ་འཆང་བར་ཞལ་འཆེས་ནས། །
ཐུགས་དམ་གང་དགར་ལེན་ལ་ཐུགས་ཀྱང་། །
རང་གི་རྩ་བ་ཉམས་པ་མ་མཁྱེན་ནམ། །
གཞུང་ལུགས་གདམས་པར་མ་གཟིགས་སྟོན་ཆེན་རྣམས། །
རང་བས་གཞན་པའི་དགེ་སྒྲུབ་སྨོད་མཛད་ནས། །
ལྟ་སྤྱོད་ཕྱོགས་རིས་དེ་ལ་ཐུགས་དགྱེས་ཀྱང་། །
ཆོས་བཀག་ཉེས་པས་ཕོག་དེ་མ་དགོངས་སམ། །
བསྡུ་བཞིའི་སྦྱིན་བདག་འཚོ་བའི་བླ་ཆེན་རྣམས། །
རྙེད་དང་བཀུར་སྟིས་ཞབས་བཏེགས་དབུ་མཐོ་ན། །
དམར་སེར་གདུགས་ཁྱིམ་ནང་དུ་ཐུགས་དགྱེས་ཀྱང་། །
སྙིང་རྗེའི་དཔྱང་ཐག་ཤོར་བ་མ་གཟིགས་སམ། །
སྐུ་དྲག་ཕྱུག་ལ་དགྱེས་པའི་བཤེས་གཉེན་རྣམས། །
བྱམས་སེམས་གཞན་དོན་ཅན་ལ་དགོངས་འཚོམ་ནས། །
འབྱོང་མཉེས་དམན་བརྙས་མཛད་པར་ཐུགས་དགྱེས་ཀྱང་། །
དམ་པའི་ཚུལ་ལ་འཛོལ་བ་མ་མཁྱེན་ནམ། །
རུས་རྒྱུད་ཆོ་རིགས་ཀྱིས་གདུང་འཛིན་རྣམས། །
སྲིད་སྡེའི་མངོན་རྟོགས་བོན་བཞིན་བཅོས་བྱས་ནས། །
འབྱོར་ཚོགས་འཁོར་བ་འདེབས་ལ་ཐུགས་དགྱེས་ཀྱང་། །
གཞན་བསགས་ཆུད་ལ་གསན་པ་མ་དགོངས་སམ། །
དམ་པའི་སྐྱེ་བར་སྒྲོ་བཏགས་སྤྲུལ་སྐུལ་རྣམས། །
ཆེ་གྲགས་མཐོ་བཙན་ཕྱུགས་པས་བརྒྱག་བྱས་ནས། །
དཀོར་འབངས་ཁ་འཛིན་དག་ལ་ཐུགས་དགྱེས་ཀྱང་། །
རང་གཞན་མི་བདེའི་གཞིར་འཛུག་མ་གཟིགས་སམ། །
བཤད་མཁས་འཇའ་ཚོན་བཀྲ་བའི་ཡོངས་འཛིན་རྣམས། །
ལག་ལེན་སྲིད་པའི་ཕུན་ཚོགས་དབང་ཤོར་ནས། །
དཀོར་ཚོང་སོ་ནམ་ལས་ལ་ཐུགས་དགྱེས་ཀྱང་། །
ཕྲིན་ལས་ཞལ་དང་འགལ་བ་མ་མཁྱེན་ནམ། །
བླུན་པོའི་རིམ་གྲོས་རྒྱུད་སྦོས་བླ་རྒན་རྣམས། །
བླ་མའི་དོན་དུ་གང་བྱས་ཆོས་ཟེར་ནས། །
སློབ་འཁོར་ཁྱིམ་ལས་བཅོལ་ལ་ཐུགས་སྤྲོ་ཡང་། །
དད་ཅན་སྡིག་ལ་སྦྱར་བ་དགོངས་སམ་ཅི། །