སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྒྱལ་གཤེན་གདུང་འཛིན་གྱི་སྐྱེ་རབས་གསོལ་འདེབས། ༼   འོས་སྦྱོར། ༽ 
[ 2011/12/29 14:46:00 | By: ལྷ་གཡག་དར་མ། ]
 

 

རྒྱལ་གཤེན་གདུང་འཛིན་གྱི་སྐྱེ་རབས་གསོལ་འདེབས་

ངེས་དོན་ལུང་གི་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །

སྐྱབས་གནས་ཀུན་འདུས་འདྲེན་མཆོག་བླ་མ་ལ། །

སྒོ་གསུམ་གུས་པ་ཆེན་པོས་འདུད་བྱས་ཏེ། །

གང་གི་རྣམ་ཐར་ཕྲེང་བ་ཞིག །

སྒོ་གསུམ་གསོལ་བཏབས་ཚུལ་དུ་སྨྲས། །

མཐོང་ལམ་དོན་གྱི་མངོན་ཤེས་མི་ལྡན་པས། །

ཉེས་ཆ་ཅི་མཆིས་བླ་མ་རྗེ་ལ་བཤགས། །

སྒོ་གསུམ་དག་སྣང་དད་པའི་སྟོབས་དང་བཅས། །

ཆ་ལུགས་ལྔ་ལྡན་འདུག་ཚུགས་ཟབ་མོ་ཡིས། །

སྙིང་དབུས་གདུང་ཤུགས་དྲན་པས་འདི་སྐད་བརྗོད། །

ཨེ་མ་ཧོ། བོན་ཉིད་སྐྱེ་མེད་མེད་པ་ལྔ་ལྡན་ཞིང་། །

གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཞེས། །

དཀར་གསལ་རྒྱན་མེད་མཉམས་བཞག་གཅེར་བུར་བཞུགས། །

སྤྲོལ་བྲལ་བོན་སྐུའི་བདག་ཉིད་བླ་མ་ལ། །

སྒོ་གསུམ་དད་མོས་གུས་པས་གསོལ་བ་འདེབས། །

བྱིན་རླབས་དབང་གཞི་དགོངས་རྒྱུད་མངོན་པར་འཕོ། །

ཉམས་དང་རྟོགས་པའི་ཡེ་ཤེས་འབར་བར་མཛོད། །

ཅེས། སྤྲོས་བྲལ་བོན་ཉིད་སྐྱེ་མེད་ཞིང་ཁམས་ན། །

སྐྱབས་གནས་མཐར་ཐུག་བོན་གྱི་སྐུ། །

དཀར་གསལ་ཞལ་གཅིག་ཕྱག་གཉིས་དཀྱིལ་ཀྲུང་བཞུགས། །

རྒྱན་མེད་གཅེར་བུ་མཉམ་ཉིད་དགོངས་པ་སྐྱོངས། །

བོན་སྐུ་ཀུན་ཏུ་བཟང་པོ་ལས་རྒྱུད་པའོ།

 

 

ལྷུན་གྲུབ་འོད་གསལ་རྫོགས་སྐུའི་ཞིང་ཁམས་ན། །

གཤེན་ལྷ་འོད་དཀར་བདེར་གཤེགས་ཀུན་འདུས་ལྷ། །

དཀར་གསལ་ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་བརྒྱན། །

རྫོགས་སྐུ་ངེས་པའི་བླ་མར་གསོལ་བ་འདེབས། །

བྱིན་རླབས་དབང་བཞི་དགོངས་རྒྱུད་མངོན་པར་འཕོ། །

ཉམས་དང་རྟོགས་པའི་ཡེ་ཤེས་འབར་བར་མཛོད། །

ཅེས། སྐུ་དང་དཀྱིལ་འཁོར་ཞིང་ཁམས་རྫོགས་པ་ཡི། །

    ལྷུན་གྲུབ་རྫོགས་སྐུའི་གཤེན་ལྷ་འོད་དཀར་ཞེས། །

    ངོ་བོ་བོན་གྱི་སྐུ་ལས་མ་གཡོས་ཀྱང་། ། 

    རང་བཞིན་མཚན་དཔེ་རྫོགས་པའི་སྐུ་རུ་བསྟན། །

ངེས་པ་ལྔ་ལྡན་བཀའ་བརྒྱུད་བོན་རྣམས་སྟོན། །

རྫོགས་སྐུ་བླ་མ་དེ་ལས་བརྒྱུད་པའོ། །

 

ཐེག་དགུ་དཀྱིལ་འཁོར་རྫོགས་པའི་ཞིང་ཁམས་ནས། །

གསང་བའི་བདག་པོ་གསང་བ་འདུས་པ་ཞེས། །

མཐིང་སྔོན་ནམ་མཁའི་མདོག་ལྡན་རྫོགས་སྐུའི་ཆས། །

གཡས་པས་རལ་གྲི་གཡོན་པས་ཐོད་ཞལ་འཛིན། །

སྐུ་སྟོད་དར་ནག་རྒྱན་དང་ཐོད་འཕྲེང་བརྒྱན། །

སྐུ་སྨད་སྟག་ཤམས་ཞབས་གཉིས་ཕྱེད་དཀྱིལ་ཚུལ། །

དཀྱིལ་འཁོར་ཀུན་འདུས་གསང་བའི་བདག་པོ་སྟེ། །

གསང་འདུས་ངོ་བོ་བླ་མར་གསོལ་བ་འདེབས། །

བྱིན་རླབས་དབང་བཞི་དགོངས་རྒྱུད་མངོན་པར་འཕོ། །

ཉམས་དང་རྟོགས་པའི་ཡེ་ཤེས་འབར་བར་མཛོད། །

ཅེས། གསང་བའི་བདག་པོ་གསང་བ་འདུས་པ་ཞེས། །

 གསང་བ་སྔགས་ཀྱི་སྐུ་དང་དཀྱིལག་འཁོར་ཞིང་ཁམས་ཐམས་ཅད་རང་བཞིན་

གྱིས་གཟུངས་ཐོབ་པ། གསང་སྔག་རྒྱུང་སྡེ་རྒྱ་མཚོའི་མཐར་ཐུག་གི་བོན་སྟོན་པ།

གསང་བ་འདུས་པ་དེ་ཉིད་སྐྱེས་རབ་དང་པོའོ། །

 

ལྷོ་ཤར་བདུད་འདུལ་སྔགས་ཀྱི་གླིང་ཆེན་ན། །

སྔགས་ཀྱི་བདག་པོ་གཡུང་དྲུང་བདུད་འདུལ་ཞེས། །

སྐུ་མདོག་མཐིང་ནག་ཁྲོ་ཚུལ་སྨྲང་ར་འཁྱིལ། །

ཕྱག་གཡས་ཕུར་པས་འདྲེ་སྲིན་བདུད་གསུམ་བསྒྲལ། །

གཡོན་པས་ཐོད་ཞལ་བདུད་རྩིས་བཀང་བ་བསྣམས། །

ཞལ་ཆབ་གཏོར་བས་མེ་དཔུང་ཐོག་ལྟར་འཕྲོ། །

སྔགས་ཀྱི་བདག་ཉིད་བླ་མར་གསོལ་བར་འདེབས།།

བྱིན་རླབས་དབང་བཞི་དགོངས་རྒྱུད་མངོན་པར་འཕོ། །

ཉམས་དང་རྟོགས་པའི་ཡེ་ཤེས་འབར་བར་མཛོད། །

ཅེས། འོལ་མོ་ལུང་རིང་གི་ལྷོ་ཤར་ན།

བདུད་འདུལ་སྔགས་ཀྱི་གླིང་ཆེན་ན། །

སྔགས་ཀྱི་བདག་ཉིད་གཡུང་དྲུང་བདུད་འདུལ་ཞེས། །

མཐིང་ནག་ཁྲོ་གཏུམ་འཇིགས་པའི་ཆ་ལུགས་ཅན། །

དར་སྔོན་བེར་དང་སྟག་གི་གཡང་གཞི་མནབས། །

གཡས་པས་ཕུར་བ་གཡོན་པས་ཐོད་ཞལ་འཛིན། །

ཞལ་ཆབ་གཏོར་བས་མེ་དཔུང་ཐོག་མཚོན་འཕྲོ། །

བདུད་དང་སྲིན་པོ་མ་རུང་གྱི་གྲན་ཀུན། །

དྲག་པོས་ཚར་གཅོད་སྔགས་ཀྱི་དཔའ་བོ་ཆེ། །

གསང་བའི་ཡུམ་ཆེན་མ་དང་ཐབས་ཀྱི་རོལ། །

སྔགས་གྲུབ་ཆེན་པོ་སྟོང་དང་ཉིས་བརྒྱས་བསྐོར། །

གསང་སྔགས་གཡུང་དྲུང་བདུད་འདུལ་ཞེས་བྱ་བ་དེ་ཉིད་སྐྱེ་རབས་གཉིས་པའོ། །

 

ཞང་ཞུང་ཡུལ་གྱི་གྲོང་ཁྱེར་ཆེན་པོ་ན། །

སྦས་པའི་ཚུལ་འཛིན་གཤེན་བོན་རྒུ་སྐྱ་ཞེས། །

སྣ་ཚོགས་སྤྱོད་པ་མ་ངེས་བརྟུལ་ཞུགས་སྐྱོངས། །

གྲུབ་པའི་རྟགས་འདྲེན་སྤྲུལ་པ་ཐོགས་མེད་བསྒྱུར། །

གསང་བའི་གྲུབ་ཐོབ་བླ་མར་གསོལ་བར་འདེབས། །

བྱིན་རླབས་དབང་བཞི་དགོངས་རྒྱུད་མངོན་པར་འཕོ། །

ཉམས་དང་རྟོགས་པའི་ཡེ་ཤེས་འབར་བར་མཛོད། །

ཅེས། ཞང་ཞུང་གི་གྲོང་ཁྱེར་གཡུ་སྟེང་པདྨ་བདལ་ཞེས་པ་ན།

དམུ་གཤེན་ཆེན་པོ་རྐུ་སྐྱ་ཞེས་ཞེས་བྱ་བ།

སྔགས་ཀྱི་བླ་མའང་ངེས་མེད་ཀྱི་ཚུལ་བསྟན། །

སྟག་ཞུ་དང་སྟག་བེར་མནབས་ཤིང་། །

ཕྱག་ན་མདའ་གཞུ་འཛིན་པ། །

སྐབས་རེར་རྔོན་པ་དང་ཤན་པའི་ཚུལ་བསྟན་པ། །

སྐབས་རེར་སྐུ་ལས་ཞི་ཁྲོའི་ལྷ་ཚོགས་དུ་མར་སྤྲུལ་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བ།  སྦས་པའི་གྲུབ་ཐོབ་ཆེན་པོ་དེ་ཉིད་སྐྱེ་རབས་གསུམ་པའོ། །

 

རྟ་ནག་དུང་ཕོར་གསང་གནས་ན། །

བརྟུལ་ཞུགས་ཆེན་པོས་འགྲོ་བ་འདུལ། །

རྔོན་དང་ཤན་པའི་ཚུལ་འཛིན་ཅིང་། །

གཏེར་གྱི་བདག་ཉིད་གྲུབ་པའི་མཆོག །

གུ་རུ་རྣོ་རྩེ་ཞེས་བྱ་བ། །

གྲུབ་ཐོབ་ཆེན་པོར་གསོལ་བར་འདེབས། །

བྱིན་རླབས་དབང་བཞི་དགོངས་རྒྱུད་མངོན་པར་འཕོ། །

ཉམས་དང་རྟོགས་པའི་ཡེ་ཤེས་འབར་བར་མཛོད། །

ཅེས། རྟ་ནག་དུང་ཕོར་གསང་བའི་གནས་མཆོག་ན། །

གྲུབ་ཐོབ་ཆེན་པོ་གུ་རུ་རྣོན་རྩེ་ཞེས། །

དམར་སྨུག་དར་ནག་ཨང་ག་ར་མནབས་ཅིང་། །

གཡས་པས་མདའ་བཞུ་གཡོན་པས་ཐོད་ཞལ་འཛིན། །

མཁའ་མགྲོ་ཨ་བྷི་ར་ཞེས་གཉིས་མེད་འཁྲིལ། །

རྔོན་དང་ཤན་པའི་ཚུལ་འཛིན་འགྲོ་བ་འདྲེན། །

ཟབ་མོ་གཏེར་གྱི་བོན་སྡེ་གྲངས་མེད་འཆད། །

བརྟུལ་ཞུགས་ཀྱི་གྲུབ་ཐོབ་ཆེན་པོ་དེ་ཉིད་སྐྱེས་རབས་བཞི་པའོ། །

 

ཞུ་ཡི་གདུང་གྲོལ་འཁྲུལ་མེད་ཞིག་པོ་ཞེས། །

དཀའ་ཐུབ་ཆེན་པོས་རྡོ་ལ་བཅུད་ལེན་མཛད། །

གཙོ་མཆོག་ཁྲོ་བོ་ལྷ་ཞལ་དངོས་སུ་མཇལ། །

མཐར་ཐུག་འཕོ་ཆེན་ལུས་རྒྱ་བདག་མེད་གཤེགས། །

གྲུབ་པའི་རྟོགས་ལྡན་བླ་མར་གསོལ་བ་འདེབས། །

བྱིན་དབང་བཞི་དགོངས་རྒྱུད་མངོན་པར་འཕོ། །

ཉམས་དང་རྟོགས་པའི་ཡེ་ཤེས་འབར་བར་མཛོད། །

ཅེས། གཙང་གི་གཡས་རུ་ཞེས་པ་ན། །

    གྲུབ་ཐོབ་ཞུ་སྒོམ་འཁྲུལ་ཞིག་ཞེས། །

    སྐུ་ལུས་དར་དཀར་གཟན་གྱིས་གཡོག །

    ཕྱག་ན་དྷར་ཀང་སིལ་སྙན་འཛིན། །

    སྐྱིད་མཁར་རི་ཞིང་གསང་ཕུག་ན། །

    གཙོ་མཆོག་ཁྲོ་བའི་ལྷ་ཞལ་ཁུམས། །

    བཅུད་ལེན་དཀའ་ཐུབ་ཆེན་པོ་མཛད། །

    མི་མིན་ལྷ་འདྲེ་བོན་འཆད་སྐྱོངས། །

    དཀའ་ཐུབ་ཀྱི་རྣལ་འབྱོར་ཆེན་པོ་ཆེན་པོ་དེ་ཉིད་སྐྱེས་རབས་ལྔ་པའོ། །

 

ཞང་ཞུང་རྒྱལ་གྱི་གདན་ས་སྟེ། །

དྭང་ར་ཁྱུང་རྫོང་ཞེས་པ་ན། །

སྤྲུལ་སྐུ་ཤེས་རབ་རིན་ཆེན་ཞེས། །

དགོངས་པ་ཚད་ཕེབས་དོན་གྱི་བདག །

བཟང་ངན་སེམས་རྟོགས་མངོན་ཤེས་གསལ། །

བྱ་བྲལ་ཚུལ་འཛིན་རི་ཁྲོད་འགྲིམས། །

པད་ལོ་རིས་དྲུག་སྐུ་ལ་གསོལ། །

གྲུབ་ཆེན་བླ་མར་གསོལ་བ་འདེབས། །

བྱིན་རླབས་དབང་བཞི་དགོངས་རྒྱུད་མངོན་པར་འཕོ། །

ཉམས་དང་རྟོགས་པའི་ཡེ་ཤེས་འབར་བར་མཛོད། །

ཅེས། དྭང་ར་གཡུ་བུན་ཞེས་པ་ན། །

    བྱ་བྲལ་བྲལ་གྱི་ཚུལ་འཛིན་སྤྲུལ་སྐུ་ཤེས་རབ་རིན་ཆེན་ཞེས་བྱ་བ།

    ཚུལ་གོས་པད་ལོ་རིས་དྲུག་མནབས་ཤིང་།

    ཕྱག་ན་གླེག་བམ་འཛིན་པ།

    བྱ་དང་རི་དྭགས་ཐམས་ཅད་ལ་བོན་འཁོར་བསྐོར་བ།

    དབེན་པའི་རི་ཁྲོད་འགྲིམས་ཤིང་སྒོམ་གྱིས་ནམ་མཁའ་འཕུར་བ་

དེ་ཉིད་སྐྱེས་རབ་དྲུག་པའོ། །

 

གཤེན་གྱི་དར་ལྡིང་ཞེས་པ་ན། །

གཤེན་སྟོན་ནམ་མཁའ་རྒྱལ་པོ་ཞེས། །

གསང་མཆོག་མཐར་ཐུག་ལྷ་ཞལ་ཁུམས། །

ངུར་སྨྲིག་ཆས་འཛིན་འཕྲེང་བ་བསྣམས། །

ཞལ་ནས་ཧུང་དང་ཕཌ་སྒྲ་སྒྲོགས། །

སྡེ་བརྒྱད་ཚོགས་རྣམས་དབང་དུ་འདུས། །

གསང་བའི་བོན་འཆད་བཀའ་འཁོར་བསྐོར། །

གྲུབ་མཆོག་བླ་མར་གསོལ་བར་འདེབས། །

བྱིན་རླབས་དབང་བཞི་དགོངས་རྒྱུད་མངོན་པར་འཕོ། །

     ཉམས་དང་རྟོགས་པའི་ཡེ་ཤེས་འབར་བར་མཛོད། །

ཅེས།  གཙང་གི་དར་ལྡིང་ཞེས་པ་ན།

      རྒྱལ་གཤེན་གདུང་གི་རྒྱུད་གྲོལ་བ།

    ནམ་མཁའ་རྒྱལ་པོ་ཞེས་རབ་བྱུང་གི་ཚུལ་འཛིན་འཕྲེང་བ་བསྣམས་པ།

    རྫུ་འཕྲུལ་གྲུབ་རྟགས་སྣ་ཚོགས་ལྡན་པ། 

    ཐེག་གསུམ་ལྡན་གྱི་བླ་མ་དེ་ཉིད་སྐྱེས་རབས་བདུན་པའོ། །

 

ཤར་ཕྱོགས་ཤར་རྫའི་གདན་ས་ན། །

གྲུབ་ཐོབ་མཐོང་གྲོལ་སྙིང་པོ་ཞེས། །

ཟབ་མོ་གཅོད་ལ་དབང་ཐོབ་ཅིང་། །

སྐུ་ལུས་དུར་ཁྲོད་ཚོགས་སུ་འབུལ། །

ངེས་མེད་སྤྱོད་པ་རྣལ་འབྱོར་ཚུལ། །

ཕྱག་ན་ཌཱ་རུ་རྐང་གླིང་འཛིན། །

སྦས་པའི་ཚུལ་འཛིན་བླ་མ་རྗེ། །

རྣལ་འབྱོར་ཆེན་པོར་གསོལ་བར་འདེབས། །

བྱིན་རླབས་དབང་བཞི་དགོངས་རྒྱུད་མངོན་པར་འཕོ། །

ཉམས་དང་རྟོགས་པའི་ཡེ་ཤེས་འབར་བར་མཛོད། །

ཅེས། ཤར་ཕྱོགས་ཤར་རྫའི་གནས་ཀྱི་ཉེ་འགྲམ་དུ། །

    གྲུབ་ཐོབ་ཆེན་པོ་གསང་མཚན་མཐོང་གྲོལ་སྙིང་པོ་ཞེས་བྱ་བ།

    རྣལ་འབྱོར་སྤྱོད་པའི་ཚུལ་འཛིན་ཅིང་།

ཐོད་རྒལ་སྣང་ཚད་ཀྱི་རྣལ་འབྱོར་ཆེན་པོ་སྐབས་རེར་ནམ་མཁའ་འཕུར་བ་དང་།

ཧུང་ཕཌ་ཀྱི་སྒྲ་སྒྲོགས་པ།མ་ངེས་པའི་སྤྱོད་པ་མཛད་པའི་རྣལ་འབྱོར་ཆེན་པོ་དེ་ཉིད་སྐྱེས་རབས་བརྒྱད་པའོ། །

 

གངས་དཀར་ཏེ་སེའི་གནས་མཆོག་ན། །

རྟོགས་ལྡན་བོན་པོ་ནམ་མཁའི་མཚན། །

བརྟུལ་ཞུགས་ཆེན་པོས་ཧུང་ཆེན་སྒྲོགས། །

མ་ངེས་ཆས་འཛིན་གྲུབ་ཐོབ་རྗེ། །

མ་རུང་བདུད་སྲིན་ཐོག་གིས་འདུལ། །

ལྷ་འདྲེ་སྡེ་བརྒྱད་བྲན་དུ་བཀོལ། །

ཉམས་དང་རྟོགས་པའི་མགུར་དབྱངས་ལེན། །

འཁྲུལ་ཞིག་བླ་མར་གསོལ་བ་འདེབས། །

བྱིན་རླབས་དབང་བཞི་དགོངས་རྒྱུད་མངོན་པ་འཕོ། །

ཉམས་དང་རྟོགས་པའི་ཡེ་ཤེས་འབར་བར་མཛོད། །

ཅེས།  གངས་དཀར་ཏེ་སེའི་གནས་མཆོག་ན་ངེས་མེད་ཀྱི་རྣལ་འབྱོར

མཁའི་མཚན་ཅན་འཆང་བ། དབུ་སྐྲ་ཐོད་དུ་བཅིང་ཞིང་རས་དཀར་གྱི་

གཟན་དང་སྒོམ་ཐག་གསོལ་བ། ཕྱག་གཡས་སྡིག་མཛུབ་དང་གཡོན་པས་

ཐོད་ཞལ་འཛིན་པ།  གྲུབ་རྟགས་རྫུ་འཕྲུལ་དཔག་མེད་མངའ་ཞིང་།

དར་དཀར་གྱི་ན་བཟའ་ལྷུལ་པོར་དཀྲི་བ།  ཉམས་རྟོགས་མགུར་དབྱངས་སུ

འཐེན་པ་དེ་ཉིད་སྐྱེས་རབས་དགུ་པའོ། །

 

བོད་ཡུལ་དབུས་ཀྱི་གཙང་གི་ཡུལ་གྲུ་ན། །

གཤེན་གྱི་གདུང་གྲོལ་གྲུབ་ཐོག་གཡུང་དྲུང་ཞེས། །

སྦས་པའི་ཚུལ་འཛིན་སྣ་ཚོགས་སྤྱོད་པ་སྐྱོངས། །

འབྲེལ་ཚད་ཐར་པར་འདྲེན་པའི་བླ་མ་ཆེ །

གསང་བའི་གྲུབ་ཐོབ་ཆེན་པོར་གསོལ་བ་འདེབས། །

བྱིན་རླབས་དབང་བཞི་དགོངས་རྒྱུད་མངོན་པར་འཕོ།།

ཉམས་དང་རྟོགས་པའི་ཡེ་ཤེས་འབར་བར་མཛོད། །

ཅེས། གཙང་གི་ཡུལ་གྲུ་དར་ལྡིང་ཞེས་པ་རུ། །

    གཤེན་གྱི་གདུང་ལས་གྲོལ་བ་གྲུབ་ཐོབ་གཡུང་དྲུང་སྙིང་པོ་ཞེས།

མ་ངེས་ཀྱི་སྤྱོད་པ་མཛད་པ། དབུ་སྐྲ་ལྕང་ལོ་འཁྱིལ་ཞིང་བེར་སྨུག་སྐུ་

མནབས་པ། ཕྱག་ན་སྔགས་ཀྱི་གླེག་བམ་དང་སྡིག་མཛུབ་མཛད་པ།

སྔགས་དང་བརྟུལ་ཞུགས་ཀྱི་ནད་དང་རྐྱེན་ཐམས་ཅད་བཟློག་པ།

སྦས་པའི་རྣལ་འབྱོར་དེ་སྐྱེས་རབས་བཅུ་པའོ། །

 

ཁྱུང་པོ་ཡུལ་གྱི་གནས་མཆོག་ན། །

ངེས་མེད་རྣལ་འབྱོར་སྨོན་ལམ་མཚན། །

ཟབ་གཏེར་དགོངས་པ་ཀློང་བརྡོལ་ཅིང་། །

གཟའ་བདུད་ཀླུ་སྲིན་དམ་ལ་བཏགས། །

ཞང་ཞུང་མེ་རིའི་ལྷ་ཞལ་ཁུམས། །

ཚུལ་གོས་རིས་དྲུག་མཛེས་པས་བརྒྱན། །

ངེས་མེད་བླ་མར་གསོལ་བར་འདེབས། །

བྱིན་རླབས་དབང་བཞི་དགོངས་རྒྱུད་མངོན་པར་འཕོ། །

ཉམས་དང་རྟོགས་པའི་ཡེ་ཤེས་འབར་བར་མཛོད། །

ཅེས། ཁྱུང་པོ་ཡུག་དུ་ངེས་མེད་རྣལ་འབྱོར་སྨོན་ལམ་ཞེས་བྱ་བ།

ཚུལ་གོས་རིས་དྲུག་གསོལ་ཞིང་རྟག་ཏུ་རི་ཁྲོད་འགྲིམས་པ།

ཕྱག་གཡས་སེན་གོར་དང་གཡོན་པས་ཨ་དཀར་འཛིན་པ།

དགོངས་པ་རང་དབང་ཐོབ་ཅིང་སྤྱོད་པ་དམན་པ་འཛིན་པ།

ཉམས་བརྡོལ་གྱི་མགུར་མ་ལ་སོགས་པའི་ཟབ་གདམས་མང་དུ་གསུང་བ།

ཞང་ཞུང་མེ་རིའི་ལྷ་ཞལ་མཇལ་ཞིང་།ལྗགས་མཆིལ་གྱིས་མཛེ་དང་ཤུ་བ་ འཇིབས་པ།   གྲུབ་པའི་རྟོགས་ལྡན་དེ་ཉིད་སྐྱེས་རབས་བཅུ་གཅིག་པའོ། །

 

རྒྱལ་བ་གཤེན་གྱི་གདུང་འཛིན་པ། །

གཤེན་སྲས་ནོར་བུ་དབང་རྒྱལ་ཞེས། །

སྐུ་ལ་དར་སྔོན་ན་བཟའ་གསོལ། །

ཞབས་གཉིས་འགྱིངས་སྟབས་ཆེ་བརྗིད་ཚུལ། །

ཕྱག་གཡས་ཤེལ་གྱི་གཡུང་དྲུང་འཛིན། །

གཡོན་པས་ཕུར་པ་ས་གནོན་མཛད། །

ངེས་མེད་མཛད་པ་སྣ་ཚོགས་སྐྱོངས། །

ལྟ་བ་ཐེག་ཆེན་དགོངས་རྒྱུད་རྟོགས། །

སྒོམ་པ་ལམ་ཁྱེར་ཚད་མེད་འཛིན། །

ལྔ་བརྒྱའི་འགྲོ་ཁམས་འདྲེན་མཛད་པ། །

གདུང་འཛིན་བླ་མར་གསོལ་བ་འདེབས། །

བྱིན་རླབས་དབང་བཞི་དགོངས་རྒྱུད་མངོན་པར་འཕོ། །

ཉམས་དང་རྟོགས་པའི་ཡེ་ཤེས་འབར་བར་མཛོད། །

ཅེས། རྒྱལ་བ་གཤེན་གྱི་གདུང་གྲོལ་གཤེན་སྲས་ནོར་བུ་དབང་རྒྱལ་མཆོག་གི་

སྐྱེས་རབས་ཀྱི་རྣམ་ཐར་རམ་གསོལ་འདེབས་རྒྱས་པ་ནི་ཕྱི་འདུལ་ཁྲིམས་ཀྱི་བརྒྱུད་པས་འགྲོ་དོན་གྱི་སྐྱེས་རབས་འཛིན་པ་དང་། ནང་གསང་སྔགས་ཀྱི་བརྒྱུད་པས་འགྲོ་དོན་གྱི་སྐྱེས་རབས་འཛིན་པ། གསང་བ་རིགས་སྔགས་ཀྱི་བརྒྱུད་པས་འགྲོ་དོན་གྱི་སྐྱེས་རབས་འཛིན་པ།

ཡངས་གསང་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱིས་འགྲོ་དོན་གྱི་སྐྱེས་རབས་

འཛིན་པ་ལ་སོགས་མ་ངེས་པའི་འགྲོ་བ་འདུལ་བའི་སྐྱེས་རབས་རྣམ་པར་ཐར་པ་བརྗོད་ལས་འདས་ཀྱང་། གསོལ་བ་འདེབས་པའི་ཚུལ་མདོར་བསྡུས་འདི་ནི་དཔལ་ལྡན་བླ་མ་མཆོག་གི་

ཞལ་མཇལ་གསུང་ཐོས་པས་དད་པ་ཚད་མེད་པ་དང་བཅས་ཏེ་ཞིག་པོའི་

རུས་ཐོབ་དུས་མཐའི་སྔགས་འཆང་བ་ཀུན་བཟང་བསྟན་འཛིན་ནམ་

གསང་མཚན་ནམ་མཁའ་རང་གྲོལ་ཞེས་པ་དེ་ཉིད་ཀྱི་ཆ་ཤས་ཀྱི་དྲན་སྣང་ལས་བྱུང་

འདི་བཞིན་ཡི་གེར་བཀོད་པ་ཡིན་པས་ཉེས་འཁྲུལ་ཅི་མཆིས་དཔལ་ལྡན་

བླ་མ་རྒྱལ་བ་གཤེན་གྱི་གདུང་འཛིན་རིན་པོ་ཆེ་མཆོག་གི་སྐུ་གསུང་ཐུགས་

ལ་མཐོ་ལོ་བཤགས་ཏེ་བཟོད་པར་གསོལ། འདི་བྲིས་དགེ་བས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ནུབ་མེད་སྲིད་མཐའི་བར་དུ་དར་ཞིང་རྒྱས་པ་དང་། རྒྱལ་གཤེན་གདུང་འཛིན་དམ་པ་སངས་རྒྱས་མི་ཡི་གཟུགས་སུ་བྱོན་པ་འཛམ་གླིང་ལྷ་སྐལ་

ཞྭ་དཀར་བསྟན་པའི་སྐྱབས་མགོན་དམུ་གཤེན་ཡབ་སྲས་རྣམས་གསུམ་སྐུ་ཚེ་ཡུན་དུ་བརྟན་ཞིང་

འགྲོ་དོན་མཐའ་རུ་ཕྱིན་པའི་སྨོན་ལམ་ལན་བརྒྱར་ཞུས་ཤིང་དག་སྣང་དང་བཅས་ཏེ་ཕུལ་བའོ།

སྤུ་རྒྱལ་བ་གཡུང་དྲུང་བསྟན་འཛིན་གྱིས་ཡི་གེར་ཕབས་པའོ། །

བཀྲ་ཤིས། །

 

 
 
Re:རྒྱལ་གཤེན་གདུང་འཛིན་གྱི་སྐྱེ་རབས་གསོལ་འདེབས། ༼   འོས་སྦྱོར། ༽
[ 2011/12/30 22:41:39 | By: སྐུ་མགྲོན་sw4Are(སྐུ་མགྲོན) ]
 
སྐུ་མགྲོན་sw4Are(སྐུ་མགྲོན)གྲོགས་ལྷ་གཡག་གི་འོས་སྦྱོར་གནང་བ་ལ་བཀའ་དྲིན་ཆེ་ཞུ།
རྒན་ཁྱུང་པོ་དཔལ་རྒྱལ་ངེད་གཉིས་ཀྱི་ལོངས་སུ་སྤྱོད་་བཞིན་ཡོད།

ལྷ་ས་དག་པའི་ཞིང་ཁམས་ནས། གཡག་རྒོད་རོག་པོ།
 
 
Re:རྒྱལ་གཤེན་གདུང་འཛིན་གྱི་སྐྱེ་རབས་གསོལ་འདེབས། ༼   འོས་སྦྱོར། ༽
[ 2011/12/30 10:17:57 | By: སྐུ་མགྲོན་qVlx5C(སྐུ་མགྲོན) ]
 
སྐུ་མགྲོན་qVlx5C(སྐུ་མགྲོན)ཟིན་བདག་ལགས། རྩོམ་ཡིག་བཀོད་སྒྲིག་ཡག་པོ་ཞིག་གནང་རོགས། ཀློག་མཁན་མང་པོ་ཞིག་གི་རེ་བ་སྐོང་དགོས་པ་རེད།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
གོང་གི་དྲྭ་གྲོགས་མིང་མེད་ལགས། ། ཁྱེད་ཕེབས་པར་དགའ་བསུ་ཞུའོ། །
དེར་ཁྱེད་ཀྱི་གློག་ཀླད་དང་ངས་འདིར་སྤེལ་སའི་གློག་ཀླད་ཀྱི་ཆེ་ཆུང་སོགས་གཅིག་མཚུངས་སོགས་ཡིན་གྱི་མ་རེད་སྙམ། ། ངས་འདིར་སྤེལ་སྐབས་ཚང་མ་གྲལ་འགྲིག་པོ་བྱས་ཡོད། མ་གཞི་གནས་ཚུལ་རེ་རེ་གཉིས་ཡོང་སྲིད་ཀྱི་རེད། སོ་སོ་རང་ཐོག་བསམ་བློ་ཅུང་ཟད་བཏང་ནས་མི་ལ་བཤད་ན་ལེགས་ཤོས་རེད་སྙམས། །
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.