བརྩེ་བའི་འཕྲིན་ཡིག་བདུད་རྩིའི་གཏེར། །
སློབ་དཔོན་བསྟན་འཛིན་རྣམ་དག
སྡུག་བསྔལ་སྡུག་པའི་རང་བཞིན་མ་རྟོགས་ཏེ། །
བདེ་དང་རང་གི་སྤྱོད་བྱར་ངེས་བཟུང་ཞིང་། །
ཐོག་མ་མེད་ནས་འཁྲུལ་བའི་མཚོར་བྱིངས་པའི།།
མཐའ་ཡས་མ་རྣམས་མཆོག་གསུམ་དམ་པས་སྲུངས། །
ད་ནི་རང་རེ་སྙིགས་མའི་འགྲོ་བ་ལས། །
གཡུང་དྲུང་བོན་ལ་འཕྲད་པ་གང་ཡིན་པའི། །
གང་གི་བསམ་ཚུལ་གྲོས་ཤིག་གླེང་བའི་གཏམ། །
བདག་ཅག་ཚེ་འདིའི་སྡུག་བསྔལ་ཇི་སྙེད་པ། །
མི་བཟོད་ཐོག་ཏུ་བབས་པའི་ཚུལ་ལ་སོམས། །
མ་འོངས་སླད་ཀྱི་མྱོང་གྱུར་གང་ཡིན་པ། །
དེའང་འདི་དང་ལྟ་བུ་ལས་གཞན་དུ་ཅི། །
དེས་ན་ད་ནི་འདི་ཁ་ནོར་རྫས་དང་། །
ཁེ་དབང་དཀའ་བ་དུ་མས་བསྒྲུབས་པ་གང་། །
ཐམས་ཅད་སྡུག་བསྔལ་བསྐྱེད་པའི་རྩ་བ་སྟེ། །
རྣམ་གྱུར་བརྒྱ་ཕྲག་དུ་མའི་ཚུལ་ལ་བསམ། །
ད་ནི་ཆེ་བཙན་དཔའ་བརྟན་ཇི་བདོག་ཀྱང་། །
འུ་ཐུག་སྡུག་བསྔལ་མྱོང་ཚེ་མི་ཕན་ཞིང་། །
ད་དུང་ཕྱི་མ་ལས་ཀྱི་འབྲས་བུ་ཡི། །
སྡུག་བསྔལ་རྣམ་པ་ཐོག་ཏུ་བབ་གྱུར་ན། །
དེ་དུས་འདི་བྱེད་ཡིད་བརྟེན་ཞིག་མེད་ན། །
ཅི་བྱེད་གང་དྲན་ཐུགས་བསམ་བཞེསཔར་མཛོད། །
སྡུག་བསྔལ་ལས་ལ་སུན་ཞིང་བདེ་བ་བྲོད། །
དུད་འགྲོད་ལས་ལྷག་མི་ཡི་སེམས་བཟུང་ཞིང་། །
ཡུན་རིང་མི་དགོས་ཕྱི་མིག་ཅུང་བལྟས་ན། །
མྱོངས་དང་མྱོང་གྱུར་སྡུག་བསྔལ་རང་བཞིན་ལ། །
བསམ་ན་སྙིང་ལ་གཟེར་ཞིང་འབྱུང་ཚོད་རེད། །
དེ་ལྟར་བྱུང་ཚེ་དེ་རྣམས་བསལ་བའི་ཐབས། །
རང་ནུས་མེད་ན་གཞན་ཞིག་བཙལ་དགོས་སོ། །
དེ་ལྟར་ནུས་པ་མཆོག་གསུམ་དམ་པ་སྟེ། །
མཆོག་གསུམ་ཞེས་པ་མིང་གི་གདགས་གཞི་ནི། །
ཇེས་ཟད་ཡོན་ཏན་ཀུན་རྫོགས་སངས་རྒྱས་དང་། །
གཡུང་དྲུང་བོན་དང་གཡུང་དྲུང་སེམས་དཔའ་སྟེ། །
འདི་ཕྱི་གནས་སྐབས་ཀུན་ཏུ་སྐྱབས་ཡུལ་མཆོག །
དེ་རྣམས་ལ་ནི་སྐྱབས་སུ་ཞུ་བའི་ཚུལ། །
རང་གི་མི་འདོད་འཇིགས་པ་གང་ཡིན་པ། །
ཁྱོད་ཀྱིས་སྐྱོབས་མཛོད་སྙམ་པའི་བློ་གཏད་དོ། །
དེའང་ཐེངས་གཅིག་བསམ་ཙམ་མ་ཡིན་པར། །
ཡང་ཡང་བསྐྱར་ཏེ་བསམ་མནོ་ཡང་ཡང་སྐོར། །
དེ་ཉིད་རྒྱུན་རིང་གནས་པའི་ཐབས་མཆོག་ནི། །
རང་ཡུལ་རྩེ་གཅིག་གནས་པའི་གསལ་ངར་ཅན། །
སེམས་བྱུང་ཞི་ནས་དེ་ཡང་བསླབ་པར་བྱ། །
དེ་ཡི་མིང་དུ་སྐྱབས་འགྲོ་བསྒོམ་ཞེས་བརྗོད། །
དེ་ལྟར་བྱས་ཚེ་བློ་ཤུགས་ཇེ་ཆེར་འགྲོ། །
སྐྱབས་འགྲོའི་ནུས་པའང་དེ་བཞིན་ཆེ་བ་ལགས། །
ཉིན་དང་མཚན་མོའི་རྨི་ལམ་རྣམས་སུ་ཡང་། །
འཇིགས་པ་ནམ་བྱུང་དཀོན་མཆོག་དྲན་པའི་བློ། །
ཤུགས་ཆེན་སྐྱེས་ཚེ་གང་ལ་མི་བསྙེངས་པའི། །
སྤོབས་པ་བྱུང་དུས་སྐྱབས་འགྲོ་རྒྱུད་ལ་སྐྱེས། །
དེ་ཉིད་བསྒོམ་ཚེ་ཅོག་འདུག་བྱས་ཀྱང་རུང་། །
མ་བྱས་རུང་སྟེ་ཟ་ཉལ་འགྲོ་འདུག་ཚེ། །
བརྗེད་མེད་ཡིད་ལ་དྲན་པར་བྱས་པའོ། །
དེ་བཞིན་བསྒོམ་པའི་ཐུན་མཚམས་རྣམས་སུ་ཡང་། །
དཀོན་མཆོག་གསུམ་གྱི་ཡོན་ཏན་ལའང་བསླབ། །
དེས་ན་གང་དུ་འདུན་པ་ཆེར་འཕེལ་ལོ། །
སྤང་རྟོགས་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཅན། །
ལེགས་ཚོགས་ཐམས་ཅད་སྐྱེད་པའི་གཡུང་དྲུང་བོན། །
རྫོགས་སངས་རྒྱས་དང་དེའི་སྲས་སེམས་དཔའ་དང་། །
འདི་རྣམས་ཡོན་ཏན་བསམ་གྱིས་མི་ཁྱབ་པས། །
བློ་གྲོས་གསལ་བས་ཚུལ་ལྡན་གཞུང་ལས་དཔོགས། །
ཚད་མར་གྱུར་པའི་གཞུང་གིས་མི་བསླུ་སྟེ། །
རྨད་བྱུང་དཔྱད་པ་གསུམ་གྱིས་དག་པའོ། །
དེ་མིན་ཡིག་རིག་ཀུན་ལ་ཡིད་མ་ཆེས། །
བསྟན་པ་འཆོལ་བའི་རྐྱེན་དུ་འགྱུར་ཉེན་ཆེ། །
དེ་ཕྱིར་ཁོ་བོ་རྣམ་དཔྱོད་ཆེས་ཞན་པས། །
སྔ་ཕྱིར་ལག་རྗེས་བཞག་ལ་དཔྱད་པར་མཛོད། །
སྐྱབས་འགྲོ་བྱེད་པའི་ཚུལ་ཡང་འདི་ཁོ་ན། །
དེས་ན་ངག་འདོན་སྐྱབས་འགྲོའི་ཚིག་གང་ཡིན། །
འདི་ཉིད་བསྒོམ་པའི་དྲན་གསོའི་ཆེད་དུ་ལས། །
སྐྱབས་འགྲོ་དེ་ཉིད་ཡིན་པར་མ་འཛིན་ཞིག །
སྐྱབས་སུ་སོན་ན་སྐྱབས་སྡོམ་བཟུང་དགོས་ཏེ། །
སྐྱབས་འགྲོ་དེ་ཉིད་ཡུན་དུ་བརྟན་པར་འགྱུར། །
དེ་ཉིད་ཡུན་དུ་བརྟན་པོར་མ་གྱུར་ན། །
གལ་ཆེན་སྐྱེ་འཆིའི་འཇིགས་ལ་ཅི་ཡིས་ཕན། །
དེས་ན་སྐྱབས་འགྲོའི་སྡོམ་པའི་ངོ་བོ་ནི། །
རང་རྒྱུད་སྡུག་བསྔལ་འཇིགས་པ་གང་ཡིན་པ། །
ཁྱེད་ཀྱིས་སྐྱོབས་མཛོད་སྙམ་པའི་བློ་དེ་ཉིད། །
ཇི་སྲིད་སངས་རྒྱས་མ་ཐོབ་བར་དག་ཏུ། །
མི་དོར་སྙམ་པའི་དམ་བཅའ་བརྟན་པོའོ། །
དེའང་མཆོག་ལ་སྐྱབས་སུ་མ་ཞུས་ན། །
ཇི་སྲིད་བར་དུ་མི་དོར་ངེས་མེད་དོ། །
འདི་ཉིད་ཐོག་མར་ལེན་པའི་དུས་སྐབས་ནི། །
སོ་ཐར་རིགས་བཞིའི་སྡོམ་པ་ལེན་དུས་དང་། །
གསང་སྔགས་ཕྱི་ནང་དབང་གི་ཐོག་མ་དང་། །
མ་ཟད་དམིགས་གསལ་ལེན་པའི་སྲོལ་ཡོད་གསུངས། །
སྐྱབས་སྡོམ་གང་དང་ལྷན་དུ་བསླབ་བྱ་ནི། །
མར་མེ་མེ་ཏོག་བདུག་སྤོས་ཡོན་ཆབ་དང་། །
ཞལ་ཟས་ལ་སོགས་དངོས་འབྱོར་ཡིད་སྤྲུལ་དང་། །
ཟ་འཐུང་ཕུད་ཀྱི་མཆོད་པའང་རྟག་ཏུ་འབད། །
མཆོག་གསུམ་ཐུགས་རྗེའི་སྟོབས་ལ་ཡིད་མ་ཆེས། །
ཡུལ་ལྷ་གཞི་བདག་ཀླུ་བཙན་ཕ་མེས་དང་། །
དྲེགས་ཅན་མི་གང་ཤི་བ་འདྲེ་གྱུར་པ། །
དེ་རྣམས་ནམ་ཡང་བརྟེན་པ་མི་བྱའོ། །
སེམས་ཅན་གཞན་ལ་གནོད་སེམས་འཚེ་བ་སྤོང་། །
དཀོན་མཆོག་གསུམ་ལ་ལྟ་བ་ལོག་པ་ཅན། །
ནམ་ཡང་གྲོགས་པོ་བསྟེན་པར་མི་བྱའོ། །
སངས་རྒྱས་སེམས་དཔའི་སྐུ་བརྙན་གང་དག་དང་། །
གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི། །
པོ་ཏི་གླེགས་བམ་ཚྭ་ཚྭ་མཆོད་རྟེན་སོགས། །
བརྙས་པར་མི་བྱ་རྟག་དུ་གུས་འདུད་བྱེད། །
བླ་མ་དང་ནི་དགེ་བྱེད་གང་ཡིན་ལ། །
མོས་དང་ཡིད་རང་བགྱི་ཞིང་བཀུར་བའོ། །
དེ་ལྟའི་རྣམས་གྲངས་ཡིད་དུ་གོམ་བྱས་ཏེ། །
ཉིན་རེ་བཞིན་དུ་སེམས་ལ་དག་ཐེར་བྱ། །
དཀོན་མཆོག་གསུམ་ལ་ལོག་ལྟ་སྐྱེས་པ་དང་། །
འདོད་ཆགས་ཞེ་སྡང་གཏི་མུག་ཕྲག་དོག་སོགས། །
ཉོན་མོངས་དབང་གིས་སྐྱབས་འགྲོ་བརྗོད་པ་དང་། །
ཧ་ཅང་རེ་ཆེས་ད་བར་སྐྱབས་བྱས་ཀྱང་། །
ད་ནི་མི་མཐུན་འདི་དང་འདི་ཞེས་འབྱུང་། །
དེ་དག་སྔོན་གྱི་ལས་སུ་མ་གོ་བར། །
དཀོན་མཆོག་གསུམ་གྱིས་སྐྱབས་ཤེས་རྫུན་པོ་ཆེ། །
དེ་འདྲའི་བསམ་སྦྱོར་སྐྱབས་འགྲོ་ཉམས་པའི་རྒྱུ། །
ནང་ཡང་མ་བརྗེད་རང་རེ་བོན་པོ་ཚོ། །
གལ་ཏེ་སྐབས་འགར་དེ་འདྲ་བྱུང་བ་དང་། །
གོང་གི་བསླབ་སྡོམ་ཉམས་པར་གྱུར་བ་ན། །
ཡུན་རིང་མི་བཞག་འཕྲལ་དུ་འགྱོད་སེམས་བསྐྱེད། །
ཕྱིན་ཆད་མི་བགྱིའི་དམ་བཅའ་བརྟན་པོར་བཟུང་། །
ཚོགས་བསགས་མཆོད་སྦྱིན་བྱས་རྗེས་བསྐྱར་ཏེ་བསླབ། །
དེ་འདྲའི་སྐྱབས་འགྲོ་ཤིན་ཏུ་གལ་ཆེ་སྟེ། །
ཕྱི་པ་ནང་པའི་ཁྱད་པར་འདི་ཡིས་འབྱེད། །
རང་གཞུང་མདོ་སྔགས་སེམས་ཀྱི་སྡོམ་པའི་རྟེན། །
འདི་དང་ཕྱི་མའི་གནས་སྐབས་གང་དུ་ཡང་། །
བདེ་ལེགས་གང་ཞིག་འབྱུང་འདི་ཡི་མཐུ། །
མདོར་ན་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །
མ་ཟད་གཅེས་པའི་ཕ་མ་བུ་ཚ་སོགས། །
འཆི་བའི་དུས་ལ་ཐུག་དུས་ནན་ཏན་གྱིས། །
ཡིད་ལ་ཤར་བའི་ཐབས་ནི་གལ་ཆེའོ། །
དེངས་དུས་སྙིགས་མའི་རང་རྟགས་གསལ་བའི་སྐབས། །
བསོད་དམན་སེམས་ཅན་ཅི་འགྱུར་གང་ཐོས་ཀྱི། །
ཆ་མེད་ངེས་པས་བོན་ལ་མོས་ཡོད་དག །
རང་གི་གྲུབ་མཐའི་ལོ་རྒྱུས་གང་ཡིན་དང་། །
ལྷག་པར་སྐྱབས་འགྲོའི་རྣམ་བཤད་ཤེས་པ་དང་། །
སྒོམ་པའི་ཚུལ་སོགས་རྒན་གཞོན་ཕོ་མོ་ཀུན། །
གྲངས་སུ་མ་རེ་སེམས་ཀྱི་ཤེས་པར་སློབས། །
ཁྱད་པར་ཕ་དུས་ལས་ཀྱང་བུ་དུས་གཙོ། །
གཡུང་དྲུང་བོན་ལ་སྙིང་ནས་ཡིད་རང་སྟེ། །
རང་རེ་སྐྱེ་འཆིའི་འཇིགས་ལ་སྐྲག་པ་དང་། །
སྙིང་ནས་རང་རྒྱུད་བུ་ཚ་གཅེས་བྱེད་ན། །
ཡལ་བར་མི་འདོར་རང་རེའི་གཞུང་ལ་སློབས། །
གང་ཞིག་གཡུང་དྲུང་བོན་ལ་བློ་སྦྱོང་ན། །
འབྲས་བུ་ཆུད་ཟོས་མེད་པ་འབྱུང་ཞེས་ཏེ། །
གཤེན་རྒྱལ་མཆོག་གིས་ཞལ་གྱིས་བཞེས་པས་སོ། །
གཡུང་དྲུང་བོན་ནི་ཡིད་བཞིན་ནོར་བུ་སྟེ། །
གང་འདོད་ལེན་པར་ཤེས་ན་འབྱུང་ངེས་པས། །
བོན་སྤྱོད་ཕོ་མོ་རྒན་གཞོན་མ་ལུས་པས། །
གཡུང་དྲུང་བོན་ལ་ཐོས་བསམ་གཙོ་བོ་མཛོད། །
ཚིག་རེ་ཙམ་གྱི་དོན་ལས་མ་ཤེས་ཀྱང་། །
བསོད་ནམས་བསམ་མི་ཁྱབ་པ་འཐོབ་པར་འགྱུར། །
འདི་ལྟར་འཁྱལ་གཏམ་ཚིག་སུ་བཅད་པ་འདི། །
བྱུང་བ་ལས་ཀྱང་འབྱུང་རྒྱུ་ཚབས་ཆེ་བའི། །
རྣམ་པ་སེམས་ཀྱིས་མ་བཟོད་ནས་བྲིས་ཏེ། །
དེ་ལྟར་ཐུགས་བསམ་ནང་དུ་ནན་གྱིས་སྐོར། །
སྨན་རིའི་སློབ་མིང་བསྟན་འཛིན་རྣམ་དག་འབོད་པས།
བྱུང་དང་འབྱུང་གྱུར་གྱི་རྣམ་པ་མི་འདྲ་བ་མང་པོ་ལ་
བརྟགས་ཏེ་རང་གི་བསྟན་ལ་བསྟེན་པའི་འགྲོ་བ་རྣམས་ལ་
བྱེས་ཕྲིན་གཞིས་སུ་བསྲིངས་པའི་ཚུལ་དུ་སྐྱབས་འགྲོའི་
རྣམ་བཞག་བསྡུས་དོན་ཞིག་ལིང་ཕྲན་དབྱིང་ལེན་ནས་ཕུལ།
ཕན་བདེའི་འབྱུང་གནས་རྒྱལ་བསྟན་
རིན་པོ་ཆེིའ་སྲོག་ཤིང་དུ་འགྱུར་ཅིག །