འགའ་ཞིག་ཉེན་ཁ་ཆེ་དྲགས་འདུག །
དགེ་རྒན་ཚེ་རིང་སྐྱབས།
དེང་དུས་སྤྱི་ཚོགས་འཚོ་བའི་སྣང་ཚུལ་འགའ། །
མིང་བརྡ་ཚིག་གིས་དབུལ་བའི་འབྲོག་འཐོམ་ངས། །
མཐོང་སྟེ་མ་བཟོད་འབྲི་འདོད་བྱུང་དྲགས་པས། །
འགའ་ཤས་ཚིག་པ་བཟའ་བའི་ཉེན་ཁ་ཆེ། །
ཚེ་འདས་རྣམ་ཤེས་མི་མཐོང་བླ་སྤྲུལ་འགའ། །
གཟན་གྱིས་དབུ་གཏུམ་སྤྱན་མིག་བཙུམ་བཞིན་དུ། །
ཧིག་ཕཌ་འབྲུག་སྟོང་ལྡིར་ལྟར་སྒྲོགས་དྲགས་པས། །
ཆོས་རྒྱལ་ཐུགས་རྒྱལ་བཞེས་པའི་ཉེན་ཁ་ཆེ། །
མཐོ་བའི་ཁྲི་ལ་འགྱིང་བའི་དཔོན་ངན་འགའ། །
རྒྱལ་ཁྲིམས་ཕྱོགས་རིས་ལྐོག་ཟ་ལྐོག་རྔན་དང་། །
རྒྱལ་ཁབ་རྒྱུ་ནོར་བག་མེད་སྤྱོད་དྲགས་པས། །
གོ་སའི་ཁྲི་ལ་འབབ་པའི་ཉེན་ཁ་ཆེ། །
སྤྱི་ཞབས་ལས་བྱེད་ཕོ་མོ་གཞོན་ནུ་འགའ། །
རང་དོན་མིང་གྲགས་གོ་ས་ཐོབ་པའི་ཕྱིར། །
གོང་ལ་ངོས་དགའ་སྤྲེལ་ལད་འཁྲབ་དྲགས་པས། །
དཔོན་རྐུབ་ལྕེ་ཡིས་ལྡག་པའི་ཉེན་ཁ་ཆེ། །
དམར་སེར་ནབ་ཟས་བཀླུབ་པའི་གྲྭ་བཙུན་འགའ། །
ཆང་ཁང་གཡེམ་མའི་འཛུམ་དགའ་སྟོན་དུ། །
རོལ་བཞིན་ཁྲེལ་མེད་འཆལ་གཏམ་བརྗོད་དྲགས་པས། །
འཁོར་བའི་འདམ་ལ་ཟུག་པའི་ཉེན་ཁ་ཆེ། །
ཕྲེང་ཐོགས་མ་ཎི་བགྲངས་མཁན་དགེ་བྱེད་དགའ། །
རི་ཁྲོད་མི་བཞུགས་གྲོང་ནག་འགྲིམ་བཞིན་དུ། །
ཡོན་བདག་ཤ་ཆང་ལོངས་སུ་སྤྱོད་དྲགས་པས། །
མཁྲིས་ནད་འགོག་བཅོས་བྲལ་བའི་ཉེན་ཁ་ཆེ། །
སྐྱ་མིན་སེར་མིན་ཨ་མཆོད་མགོ་རིལ་འགའ། །
རྟག་པར་གྲོང་ཆོས་ཀློག་རྫུན་བྱས་གྱུར་ཏེ། །
ཡོན་བདག་སྐོར་གྱི་ཡང་ཡང་བརྒྱངས་དྲགས་པས། །
ཕྱི་མ་འོ་བརྒྱལ་འཕྲད་པའི་ཉེན་ཁ་ཆེ། །
རྒྱུད་བཞི་ངག་ནས་སྐྱོར་བའི་ལྷ་རྗེ་འགའ། །
ཚ་གྲང་གོ་ལྡོག་ནད་ངོས་མ་ཟིན་ཡང་། །
སྨན་ཡོན་སྒོར་མོའི་ཐོག་ལ་རྔམས་དྲགས་པས། །
ནད་པའི་སྲོག་བདག་ཡོང་བའི་ཉེན་ཁ་ཆེ། །
རིག་གནས་ཡོན་ཏན་སློབ་མཁན་དགེ་རྒན་འགའ། །
ནག་པང་གྲུ་བཞི་ནར་མོའི་ངོས་ཡངས་སུ། །
ཡིག་ནོར་ཨ་འཁྱོག་སྦ་འཁྱོག་བྲིས་དྲགས་པས། །
སློབ་མའི་ཕུགས་མདུན་ཡིག་རྨོང་ཉེན་ཁ་ཆེ། །
ཨ་མས་གཅེས་ལང་བཏང་བའི་སླབ་ཕྲུག་འགའ། །
སློབ་གྲྭ་མི་འགྲོ་ཐ་ཆང་གཉིད་ལ་རོལ། །
ཡོན་ཏན་མི་སྦྱོང་ལེ་ལོ་གཡེང་དྲགས་པས། །
ཕག་པའི་རྣམ་ཤེས་ཆགས་པའི་ཉེན་ཁ་ཆེ། །
ང་ཡིན་ཁོ་ཡིན་སྦྱིན་བདག་ཆེ་མོ་འགའ། །
ཡར་མཆོད་མར་སྦྱིན་དགེ་རྩ་གཏོང་མི་ཕོད། །
མནའ་ཟོས་རྫུན་སྒྲིག་སྒོར་མོ་མང་དྲགས་པས། །
ཕྱི་མ་ཡི་དྭགས་སྐྱེ་བའི་ཉེན་ཁ་ཆེ། །
དབྱར་རྩྭ་དགུན་འབུ་ཉོ་མཁན་ཚོང་དཔོན་འགའ། །
བུན་ལོན་འདེད་མཁན་གྲོག་མའི་ཚང་སྒོ་བཞིན། །
སྒོར་མོ་བཞི་སྐྱེད་ལྔ་སྐྱེད་བླངས་དྲགས་པས། །
གཤིན་རྗེའང་མིག་ཆུ་ཤོར་བའི་ཉེན་ཁ་ཆེ། །
རྒྱུ་ནོར་སེར་སྣས་བསགས་པའི་ཕྱུག་པོ་འགའ། །
རྣམ་རྒྱལ་ཁང་བཟང་དང་འགྲན་ཕོ་བྲང་བསྐྲུན། །
འོན་ཀྱང་སྡོད་ཡུན་དུས་ཚོད་ཐུང་དྲགས་པས། །
ཕྱི་མར་རྣམ་ཤེས་འཁོར་བའི་ཉེན་ཁ་ཆེ། །
ཇ་ཁང་ཆང་ཁང་འཛུགས་མཁན་སྨན་ཆུང་འགའ། །
རང་ཡུལ་རྒྱབ་བསྐྱུར་ཕ་མ་ངོ་ཡང་ལོགས། །
ཕོ་ཡན་ཁྲམ་པའི་ཁྱུ་ཚོགས་སྐོར་དྲགས་པས། །
ལུས་སྨད་གྲང་བས་མནར་བའི་ཉེན་ཁ་ཆེ། །
རྟག་པར་ཆང་ཁང་རྒྱུ་བའི་ཕོ་སར་འགའ། །
ཇ་མ་ཆང་མའི་ངོ་འཛུམ་སྲུང་བཞིན་དུ། །
རག་བཟི་སྐྱུར་འགོང་ལས་ལ་ཞུགས་དྲགས་པས། །
གོང་མའི་ཁྲིམས་རྭར་ཚུད་པའི་ཉེན་ཁ་ཆེ། །
སྦག་སྦག་རླངས་འཁོར་གཏོང་མཁན་གཞོན་ནུ་འགའ། །
ང་ལས་མིན་སྙམས་རང་སྣང་མཐོ་བའི་རྐྱེན། །
གཞུང་ལམ་ཐོག་ཏུ་དོན་མེད་རྒྱུག་དྲགས་པས། །
མི་ཟས་ཟ་ཡུན་ཐུང་བའི་ཉེན་ཁ་ཆེ། །
ཉིན་མཚན་གོ་ལྡོག་བག་པ་རྒས་པོ་འགའ། །
མ་ཅང་བྷོ་ཙི་ལས་ལ་དབྱིངས་ཞུགས་ནས། །
རང་ཡུལ་མ་དངུལ་ཁྲི་འབུམ་ཤོར་དྲགས་པས། །
ཕ་མཁར་རྒྱན་དུ་ཤོར་བའི་ཉེན་ཁ་ཆེ། །
སྙན་ངག་མངོན་བརྗོད་ཚིག་ཉམས་མི་ལྡན་པར། །
ཤེས་དམན་དུད་འགྲོའི་གླེན་གཏམ་ཚིག་ཉོག་འདི། །
རྩོམ་པའི་ཚུལ་འདི་སྤོབས་པ་ཆེ་དྲགས་པས། །
ཤེས་ལྡན་མཁས་པའི་ཁྲེལ་བའི་ཉེན་ཁ་ཆེ།