བུད་སོང༌།
__Q ZMབྲིས།
འཚོ་བར་གོད་ཆག་མ་ཤོར་བའི་ཉིན་མོ་ནི་ཇི་འདྲའི་ཐུང་དྲག་ནའང༌།
སེམས་པའི་གཏིང་རིམ་ན་གསོན་པའི་ཡིད་ཀྱི་གླུ་གཞས་ནི།
རོལ་དབྱངས་ཀྱི་འགྱུར་ཁུགས་དབེན་པའི་སྟོང་སིང་སིང་གི་འཇིག་རྟེན་ཞིག་རེད་ཨང༌།
ཉིན་མོ་དེར། མཚོ་ཟེར་ནས་བུ་མོའི་ཁ་གྲགས་དབང་མེད་པར་བུད་སོང༌།
མིག་ཆུ་ཞལ་ངོས་མཁུར་གོང་གྲིལ་ཁོམ་མེད་པར།
བརྩེ་བ་ཡིད་ནས་རླབས་རྩེར་འདེགས་དབང་མེད་པར།
དགུ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཁམས་ནས་ཕྱིར་མིག་མེད་པར་བུད་སོང་།
ཚིག་གསུམ་དར་སྣེར་མ་བརྒྱུས་པར།
བརྒྱུས་ནས་ཀྱང་དར་ལ་མདུད་པ་རྒྱག་རྒྱུ་བརྗེད་ནས་བུད་སོང༌།
ཕྱིར་འོང་མེད་པའི་ཐག་རིང་ཞིག་ལ།
སུ་ལ་མཚོན་ན་མི་སེམས་འགུལ་བའི་གཏམ་རྒྱུད་མེད་མི་ཟེར་ལ།
སུ་ལ་མཚོན་ན་སྙན་ངག་གི་གཏིང་རིམ་ནས་བརྩེ་བ་སྨྱུག་རྩེར་མི་བཅོལ་ཡོད་མ་ཡིན།
བརྩེ་བ་ནི་སེམས་ཀྱི་ཟབ་སར་སྨིན་པའི་གོམས་གཤིས་ཤིག་རེད།
གོམས་གཤིས་དེ་ལས་ང་ཚོས་རང་ཉིད་ཀྱི་གླུ་ངག་མཁའ་མཐར་སྒྲོན་ཆོག་པ་རེད།
གོམས་གཤིས་དེ་ལས་ང་ཚོས་རང་ཉིད་ལ་རང་དབང་གི་ཆོ་ལོ་བསྐྲུན་ཆོག་པ་རེད།
གལ་ཏེ་ང་ཚོར་གཞན་སེམས་བདག་གིར་དབང་བའི་རང་སྟོབས་མངའ་ན།
དུས་ད་ལྟ་སྙན་ངག་གི་མིག་ཆུའི་སྟོང་བསམ་ཁྲོད་ནས།
རང་གི་ལང་ཚོའི་མེ་ཏོག་གི་མདངས་འདའ་བར་བྱེད་ག་ལ་ནུས། མི་ནུས་སོ།
སྨྱུག་ཁ་རང་ལ་གཏད་ནས་རང་གི་རྐང་རྗེས་ལ་ཞིབ་བལྟ་བྱས་ན།
རྒྱུད་མྱོང་བའི་ལ་ལུང་དང་འགྲིམ་མྱོང་བའི་གྲོང་ཁྱེར་དག་ནི།
ངས་སྙན་ངག་གི་འཚོ་བའི་རྒུན་ཆང་དུ་འགྱུར་ཟིན་ནའང༌།
འཚོ་བར་གོད་ཆག་ཐེབས་པའི་མིག་ཆུ་ནི་ངའི་གཏམ་རྒྱུད་མིན་མི་སྲིད་ལ།
རང་ཉིད་ཕྱི་ཀློག་ནང་ཀློག་བྱེད་སའི་རང་གི་སྙན་ངག་ཀྱང་མིན་ག་ལ་སྲིད། མི་སྲིད་དོ།
གལ་ཏེ་བརྩེ་དུང་དྲག་ཏུ་འབར་བའི་མེ་ལྕེ་ཞིག་ཡིན་པའི་དབང་དུ་བཏང་ན།
ངས་རང་གི་ལུས་སེམས་འདི་དྲག་ཏུ་བསྐྱེད་སའི་བུད་ཤིང་བྱེད་པར་སྤྲོ་ལ།
ཐ་སྙད་ཀྱི་ཚིག་རྐང་རེ་ན་གསོན་པའི་སྙན་ངག་གི་འོ་དོད་རིང་མོ་འདི་ཡང༌།
དཔའ་བོ་དུར་འཇུག་གི་དབྱངས་རྟ་ལས་ཀྱང་གདུང་བའི་ངུ་ངག་མིན་ག་ལ་སྲིད།
དེ་བས་ངའི་བརྩེ་བ་ལ་འགྱུར་བ་མེད་ལ་དུང་བ་ལ་འགོག་པ་མེད་པས།
རང་གི་ཚེ་གཅིག་གི་གཏན་གྲོགས་དང་ཁ་བྲལ་ནས་གནས་གང་དུ་ཕྱིན་ནའང༌།
ངའི་བརྩེ་བས་བཏེགས་པའི་མེ་ཕུང་ནི་བསྐལ་བ་ནས་བསྐལ་བའི་བར་འཇིགས་མི་ནུས་ལ།
ངའི་སྤོབས་པས་བཏེགས་པའི་སྙན་ངག་གི་རླུང་རྟ་ཡང་དེ་བཞིན་ནོ།