ང་དང་དུས་བཞིའི་སྙན་ངག
བརྗིད་ཆགས་གངས་རིས་མཐའ་ནས་བསྐོར་བའི་ཁ་བ་རི་བའི་ཡུལ་ཕྱོགས་སུ།།
སྣ་ཚོགས་འཁྲི་ཤིང་རླབས་བཞིན་སྐྱོམས་པའི་སྤང་ལྗོངས་སྔོན་མོའི་གདན་སྟེང་གི།
སྔོ་བསངས་བུ་མོའི་གདངས་ལ་འཁུ་བའི་ངག་རིག་བུ་མོ་བརྩེ་དགའ་མས།།
ལྦུ་བའི་མེ་ཏོག་མཁའ་རུ་གཏོར་བཞིན་གླུ་ངག་སྙན་མོ་འདི་སྐད་བླངས།།
ང་ལ་དྭངས་གསལ་ཤེལ་གོར་ལྟ་བུའི་ལྷག་བསམ་དཀར་པོའི་རང་མདངས་ཡོད།།
སྐྱེ་དངོས་མ་ལུས་མགྲོན་དུ་འགུགས་པའི་ཚེ་སྲོག་སྟོང་གི་མགོན་པོ་སྟེ།།
གངས་རི་དཀར་པོའི་སྙིང་ནས་བརྡོལ་བའི་སྨན་ལྗོངས་ཡུལ་གྱི་ནོར་བུ་ང༌།།
བསིལ་རླུང་འཇམ་པོ་དལ་བུར་ལྡང་བའི་དཔྱིད་ཟླ་ར་བའི་སྙན་ངག་ཡིན།།
གཡུ་བྱུར་མུ་ཏིག་ཕྲ་ལ་བཀོད་འདྲའི་སྣ་ཚོགས་ཡིད་འོང་རྩྭ་ཐང་གི།
བསུང་ཞིམ་དྲི་ངད་ཕྱོགས་བཅུར་འཐུལ་བའི་མེ་ཏོག་སྟོང་གི་རྣམ་ཤེས་སྟེ།།
ལེ་དབར་སྟོང་ཕྲག་དལ་གྱིས་བསྐོར་བའི་དྭངས་གཙང་རྫ་ཆུ་བསིལ་མ་ང༌།།
མཛེས་སྡུག་དཔལ་ཡོན་ཆེས་ཆེར་བསྐྲུན་པའི་དབྱར་ཟླ་ལྔ་བའི་སྙན་ངག་ཡིན།།
ལྷུན་པོ་གངས་ཀྱི་མགུལ་བར་འཁྱུད་འདྲའི་མཚམས་སྤྲིན་དམར་པོའི་ཐུ་འོག་ན།།
སེར་པོ་གསེར་གྱི་མཆོར་ལྭ་བཀླུབས་པའི་ཡངས་པའི་དབྱིག་འཛིན་གདན་སྟེངགི།
འབྱོར་ཕྱུག་དཔལ་ལ་གོམ་ཁ་འགྲན་པའི་དྭངས་གཙང་རྫ་ཆུ་བསིལ་མ་ང༌།།
ལས་འབྲས་མངར་མོའི་ཁུར་གྱིས་དུད་པའི་སྟོན་ཟླ་བརྒྱད་པའི་སྙན་ངག་ཡིན།།
གྲང་རླུང་རྩུབ་མོའི་མངར་ཤུགས་རྒོད་པ་གནམ་ལྕགས་ཐོག་ལས་རྣོ་ངར་ཞིང༌།།
ཁ་བའི་འདབ་མ་ལྷབ་ལྷུབ་བབས་པས་མཐའ་ཡི་འཇིག་རྟེན་རབ་སྤྲོས་བཞིན།།
ཆབ་རོམ་སྟུག་པོའི་སྦུབས་སུ་བཅངས་པའི་དྭངས་གཙང་རྫ་ཆུ་བསིལ་མ་ང༌།།
སྙུགས་ཐོགས་མཁན་པོའི་མི་འབྲལ་བརྗོད་བྱ་དགུན་ཟླ་བཅུ་བའི་སྙན་ངག་ཡིན།།
༢༠༡༡ ༦ ༨ ཉིན་རེབ་གོང་ཇ་མཆོད་ཁང༌དུ།