དེ་རིང་གི་ཉི་མ་ནི་འཛུམ་མདངས་དང་འོད་དཀར་རྐྱང་རྐྱང་གི་ཉི་མ་ཞིག་ཡེ་ནས་མིན་དེ། ང་དང་ཕུགས་བསམ་གཅིག་པའི་འཚོལ་སྙེག་གི་རེ་འདུན་རྒྱང་ལ་གཤེར་བའི་གངས་བུ་ང་ཚོར་མི་འགྱངས་པར་ལོ་ཕྱེད་ཙམ་ལ་སྦྱང་བའི་ཤེས་བྱའི་འབྲས་བུ་རྒྱ་མར་འདེགས་རྒྱུ་ཡིན་སྟབས། སློབ་གྲོགས་ལ་ལ་ཞིག་སྟོང་སྣང་དང་བསམ་གཞིག་གི་ཀློང་ན་འདུར་གྱིན་འདུག་ལ་འགའ་ཞིག་གིས་མི་ཁོམ་པའིགནས་དང་དེའི་བདག་པོའི་ཕྱོགས་སུ་རྒྱུ་བཞིན་ཡོད། ང་ཡང་ཁོ་ཚོ་དང་འདྲ་བར་མཚམས་རེར་སྟོང་བསམ་གྱི་ནམ་མཁའི་དབྱིངས་སུ་རྒྱུ་བཞིན་འདུག་ལ་ལན་རེར་བདེན་དོན་གྱི་ལ་རྒྱའི་ཆེད་དུ་སྨྱུ་གུའི་འཁྱུག་སྟངས་དཀར་འཇམ་གྱི་ཤོག་དཀར་ངོས་ན་འཐབ་འཛིང་གི་གཡུལ་ལ་བྲེལ་བཞིན་ཡོད། དེར་བསྟེན་དེ་རིང་གི་ཉི་མ་ནི་ང་ལ་མཚོན་ན་རིན་ཐང་མེད་པའི་ཉི་མ་ཞིག་ཡིན་པར་བསམ་ཡོད།
ཐོག་མར་ངས་རང་གི་སུན་སྣང་གི་གདུང་བ་དེ་སེལ་ཐུབས་ཙམ་དུ《ཙོང་ཁའི་གཟི་འོད》ཀྱི་དུས་དེབ་ཅིག་ལག་ཏུ་བླངས་ནས་བལྟས་པ་ཡིན། སྐབས་ཤིག་ལ་ལྷ་མོ་སྐྱིད་ཀྱིས་བྲིས་པའི་འཚོ་བ་ཕྱིར་དུ་ངས་རྒྱུན་དུ་སྨོན་ལམ་འདེབས ཞེས་པའི་སྙན་ངག་ཅིག་མཐོང་བས་མགོ་ནས་མཇུག་བར་དུ་ཡང་དང་བསྐྱར་དུ་ཀློག་པ་ཡིན། འདིར་ཆེད་དུ་ཞུ་རྒྱུ་ཞིག་ནི་སྙན་ངག་གི་ཕོ་བྲང་བཞེངས་རྒྱུ་ནི་ཕོ་མོའི་མཆོག་དམན་མེད་པར་རང་རང་གི་རྣམ་དཔྱོད་ཀྱི་རིག་པ་ཕྲ་མོ་སྐྲ་རྩེར་བསྒོམ་ནས་མི་རིགས་ཀྱི་ཆེད་དུ་བདེན་དོན་གྱི་གནས་ལུགས་རྐྱང་རྐྱང་གླེང་དགོས་པ་སྙན་ངག་པའི་མཐར་ཐུག་གི་ལམ་ཕྱོགས་བརྟན་པོ་ཡིན་ལ་འོས་འགན་གཙོ་བོའང་ཡིན། འོན་ཀྱང་ཐེངས་འདིའི་སྣ་འཛོམས་དུས་དེབ་ཙོང་ཁའི་གཟི་འོད་ཅེས་པའི་ནང་ལྷ་མོ་སྐྱིད་ཀྱི་སྙན་ངག་མ་གཏོགས་གཞན་བུ་མོ་གང་གིས་ཀྱང་མིང་བྱང་ཙམ་ཡང་མཐོང་རྒྱུ་དཀོན་སྟབས། ཕྲན་ཁོ་མོར་དགའ་བའམ་དུངས་པ་ཞིག་ བསམ་བློའི་ཐད་ནས་བརྗོད་པ་ཡིན འགོག་མེད་དུ་སྐྱེས་ཏེ། འདི་ལྟར་གླེང་རིན་མེད་པའི་ངས་ཁོ་མོའི་སྙན་ངག་ལ་ཕྲད་དཔྱད་ཅིག་ཕུལ་བར་འདོད་དོ།
གྲང་རེག་གིས་ས་ཆེན་གྱི་སྟེང་མཐའ་བསྡམས་དུས། འཇིག་རྟེན་ཡོད་ཚད་སྐྱ་མདོག་གིས་བསླུས། ཞེས་རྩོམ་པ་མོ་ལྷ་མོ་སྐྱིད་ཀྱིས་དགུན་ཁའི་གྲང་རེག་གི་འཇིག་རྟེན་ནས་མགོ་བརྩམས་ཏེ་མཐའ་བཞིའི་ཁོར་ཡུག་ཧྲིལ་བོར་སྐྱ་ཐང་ཐིང་གི་རྣམ་པར་བསྒྱུར་བ་རྟོགས་བཏགས་དང་དཔེ་འགོད་སོགས་ཀྱི་རྒྱན་ཆའི་ལྷུ་ལག་མ་སྤྲས་པར་ཐད་ཀར་དུས་བཞིའི་འགྱུར་ལྡོག་གི་འཕེལ་རིམ་གྱིས་བསྐྱལ་འོངས་པའི་རྣམ་པ་ལྷུག་པོར་བརྗོད་ཡོད་མོད། འོན་ཀྱང༌། ཁོ་་མོའི་སེམས་ཀྱི་ཕྱི་ནང་བར་ན་རྟག་ཏུ་མུ་ཏིག་བཞིན་ལྷན་ནེར་བཀྲ་བའི་ མཛེས་སྡུག་་གིས་བཞད་པའི་མེ་ཏོག་གསེར་ཆེན་ དེ་དུས་དེ་ནས་བཟུང་ ངའི་གངས་དཀར་སེམས་ཀྱི་མཐོང་ལམ་ནས་ཡལ་བྱུང༌། ཞེས་དཀའ་སྡུག་གི་ངལ་དུབ་སྨྱུག་རྩེར་བཅོལ་བའི་ཁོ་མོའི་མཚོན་ན་དུངས་ཞེན་གྱིས་བསླུས་པའི་བརྩེ་བ་དེ་ནམ་ཡང་ཁོ་མོར་བདག་ཏུ་བཟུང་ཞིང། བརྩེ་བ་དང་ཁོ་མོའི་བར་ན་ རྟོགས་པར་དཀའ་བའི་རླབས་ཆེན་གྱི་བརྩེ་དུང་དྲོན་མོ་ཞིག་བལྟམ་གྱི་ལེར་འཁྱིལ་ཡོད་པ་རྟོགས་ཐུབ། སླར་ཡང་འཕྲད་པའི་བརྩེ་འདང་ཞིག་ལ། ངས། རྒྱུན་དུ་གསོལ་བ་བཏབ་ནས་ཡོད། ཅེས་པའི་ཚིག་རྐང་འདིས。。。。。。
དེ་ཕྱིར་ བཞུར་རྒྱུན་གྱི་རྦ་རླབས་དྲག་ཏུ་འཕྱོ་བའི་བར་གླགས་སུ། སྙིང་ཐུབ་ཀྱི་འཛུམ་རིས་བཙལ་བའི་ཉིན་མཚན་ཏེ། སྐྱོ་གདུང་དང་ཤུགས་རིང་ཁོ་ནས་བསུས། ཞེས་པའི་ཚིག་ཕྲེང་འདིས་ལྷ་མོ་སྐྱིད་ཀྱི་སེམས་ངོགས་ན་རྟག་ཏུ་ནུབ་པ་མེད་པའི་བརྩེ་དུང་གི་དྲན་གསོའི་རྡོ་རིང་ཞིག་གཟི་བརྗིད་ཀྱིས་འགྱིང་ཡོད་པ་རྟོགས་ཐུབ་ལ། ནམ་རྒྱུན་ཁོ་མོས་ བརྩེ་དུང་གི་ཆེད་དུ་ མྱ་ངན་གྱི་ཞུ་ཚིག་འཕེལ་ཐེངས་རེར་སྐྱོ་གདུང་དང་ཤུགས་རིང་གིས་བསྟིམས་པའི་གསང་ཚིག་ཅིག་ང་ཚོར་ཤུགས་བསྟན་གྱི་ཚུལ་དུ་ལྷུག་པོར་བརྗོད་པའང་རྟོགས་ཐུབ། མཁའ་དབྱིངས་སྔོན་མོའི་འཛུམ་དཀར་གྱི་ཞལ་རས། ཁ་བའི་གཏམ་རྒྱུད་འཕུར་བའི་མི་ཚེ་གཅིག་གི་དབྱངས་རྟ་ཡིན། ཞེས་པའི་ཚིག་རྐང་འདིས。。。。。
སེམས་པའི་འོད་སྣང་གིས། རེ་བལྟོས་ཀྱི་རྨི་ལམ་རུམ་པའི་ཉིན་ནས་བཟུང༌། ཞེས་པ་འདིས་རྩོམ་པ་མོ་ལྷ་མོ་སྐྱིད་མཛེས་སྡུག་དང་འོད་དཀར་རྐྱང་རྐྱང་གི་འཇིག་རྟེན་ལ་མོས་ཞིང་འཇིག་རྟེན་ལ་དུངས་རྐྱེན། ནམ་ཡང་རེ་བལྟོས་དང་ཕུགས་བསམ་གྱི་ལང་ཚོའི་མཛེས་སྡུག་ཁྲོད་རྙེད་པའི་བརྩེ་བ་དེ་ཁོ་མོ་བདག་འཛིན་གྱི་དྲ་བར་ཚུད་དུ་བཅུག་ལ་ཚུད་ནས་བཟུང༌། ཁོ་མོས་དུས་རྟག་ཏུ་ཡིད་སེམས་ཀྱི་རླབས་རྩེ་ན་དྲག་ཏུ་སྐྱོམ་པའི་བརྩེ་དུང་དེ་མངོན་གྱུར་ཆེད་དུ་སྙིང་ཁོང་གི་བརྗོད་པ་ཐ་དག་ས་ཆེན་པོའི་བྲང་གཞུང་ནས་དགུང་ལ་མཆོད་དེ་ལྷད་མེད་དྭངས་གཙང་གི་བསམ་པ་རྣམ་དག་ཅིག་ང་ཚོར་འཛུམ་ལྷུག་གེར་བརྗོད་ཡོད་པ་མ་ཟད། ལྷ་མོ་སྐྱིད་ཁོ་མོ་དགོད་སྒྲ་དང་འཛུམ་མདངས་ཀྱིས་ཕྱུག་པའི་འཚོ་བ་ལ་སྨོན་པའི་དུངས་སྣང་ཟབ་མོ་དེ་རིམ་གྱིས་རོལ་མྱོང་བྱེད་ཐུབ། བསླུ་བྲིད་དང་གཡོ་རྫུན་གྱི་ཁ་རླངས་སྡུག་རུང༌། འཚོ་བ་ཡི་ཕྱིར་དུ། ངས་འུ་གཉིས་ཡང་བསྐྱར་འཛོམས་པར་སྨོན་ལམ་འདེབས། ཞེས་པའི་ཚིག་རྐང་དམ་དུམ་འདིས。。。。
རྩོམ་རིག་གི་བརྩམས་ཆོས་གང་ཞིག་ཡིན་ཡང་རྩོམ་མཁན་རང་གི་གསར་གཏོད་ཀྱི་སྙིང་སྟོབས་ཡིན་ལ་རང་གཟུགས་ཀྱང་ཡིན། སྤྱིར་སྙན་ངག་འདི་བཀླགས་པ་ཐག་ང་ཚོའི་ཉམས་སྣང་ཞིག་ལ་རྩོམ་མཁན་མོས་རང་གི་རྣམ་དག་གི་བརྩེ་དུང་དེ་མངོན་འགྱུར་ཆེད་དུ་སྐད་ཆའི་ལམ་ནས་བརྩེ་དུང་གི་ཕོ་བྲང་ཞིག་བཞེངས་བསྐྲུན་བྱས་ཡོད་པ་ལས་གཞན་ཅི་ཡང་མེད་སྙམ་མོད། ཞིབ་མོར་བཀླགས་ན་རྩོམ་མཁན་རང་ཉིད་ལ་སེམས་ཁུར་ལྕི་མོ་ཞིག་དང་ལྷག་བསམ་བཟང་མོ་ཅིག ཞེ་མདངས་ཟབ་མོ་ཞིག་ལྡན་པ་ཚིག་གི་སྡེབ་སྦྱོར་བར་ནས་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ་པ་ཡིན།
༢༠༠༨ལོར་ཕ་ཡུལ་རེབ་གོང་ནས་བྲིས།