དྲན་པའི་ནང་གི་ཨ་ཇོ།
འཛུམ་དམུལ་དམུལ་དུངས་སེམས་དབྱངས་རྟར་བརྒྱུས་ནས།།
གཞས་སྙན་མོ་ཕ་གའི་བྲག་ཆར་རྡེབ་ན།།
གཏམ་བརྗིད་པོའི་ཁུགས་ཀྱི་གླིང་རྗེ་ལྟ་བུའི།།
རྟ་ཅང་ཤེས་གོང་གི་ཁྱོད་ཉིད་དྲན་གི།
ལོ་ཟླ་བ་མཛུབ་མོའི་སོར་རྩེར་བགྲངས་ན།།
སེམས་དྲོན་མོ་གོར་མོ་རྡོ་ལས་འཁྱགས་ཀི།
སྡེ་མྱི་ཁའི་ཁ་བྱང་རྒོད་རབ་དྲན་ན།།
རོགས་ཁྱོད་ཉིད་མྱུར་ཏུ་སླེབས་ན་བསམ་ཀི།
སྨན་གཡུ་ལོའི་གསེབ་ཀྱི་སྤང་ལྗོངས་ངོས་ནས།།
སེམས་དྲོན་མོ་བདག་པོ་ཁྱོད་ལ་བཅོལ་ཡོད།།
དགུང་ནམ་འཕང་གཏོད་པའི་རྒོད་པོ་ཞིག་ལ།།
སྙིང་ཡ་ཆུང་ཁོག་ནས་གླུ་ཞིག་བླངས་ཡོད།།
རླུང་སིལ་སིལ་ཕ་གའི་རི་ལ་བརྒྱབ་ན།།
མགོའི་སྐྲ་ལོ་སིལ་སིལ་རླུང་གིས་བསྒུལ་བྱུང་།།
མིག་མཆི་མའི་ཕྲེང་རྡོག་མཁུར་གོང་འགྲིལ་ནས།།
ཞེ་དུངས་སེམས་ཅན་པོར་འཕྲིན་ཞིག་བསྐུར་ན།།
ས་ཁ་ཐག་རིང་བོར་གླུ་ཡིས་བཅད་ཅིང་།།
གླུ་སྙན་མོ་རམ་འདེགས་བྱེད་ཡ་མེད་ཀི།།
རོགས་ཁྱོད་ཉིད་བྱང་སེམས་མིག་གིས་འཚོས་ནས།།
མགོའི་སྐྲ་རྐང་ངོས་སུ་སེར་ཐིག་ལྷུང་ཐལ།།
གཏམ་གསལ་ཁ་ཅན་པོར་སྒུག་ནས་རྒས་ཐལ།།
སྨན་ང་འདྲ་བུ་མོ་གནས་ལ་ཆས་ཐལ།།
རོགས་ཁྱོད་ཉིད་ད་དུང་སླེབས་འདོད་མེད་ན།།
ཁྱིམ་གནས་ཡུལ་འགྲིམས་རྒྱུ་ཁ་ཐག་ཉེ་གི།
དུང་ཟླ་བ་སེམས་ཀྱི་རླབས་རྩེར་བཏེགས་ནས།།
གཏམ་ཚིག་རྐང་ཡིད་ཀྱི་ཤོག་ངོར་བྲིས་ན།།
བློ་མི་འགྱུར་སྙིང་གི་འཕར་ལྡིང་སྦྲེལ་སའི།།
མཚོ་སྔོན་པོའི་ཁུགས་ཀྱི་མཚན་ལྗོངས་དྲན་གི།།
གཞས་སྙན་མོ་ཆུ་མོའིགཞུང་ལ་འཐིམ་སོང་།།
གཏམ་མྱི་ཁ་བརྒྱ་སྡེ་སྟོང་མྱུལ་བྱས་སོང་།།
མགོ་སྒུར་ནས་མིག་ཆུའི་སྙན་ངག་བྲིས་ན།།
རོགས་ཁྱོད་ཀྱིས་དྲན་པའི་རྟེན་དུ་ཨེ་འཇོག།
༢༠༡༠ ༨ ༦ ཉིན་ཕ་ཡུལ་རེབ་གོང་ནས་བྲིས།