གངས་འདབས་ཀྱི་བསམ་གཞིགས།
ལྔ་རིག་པད་མའི་འདབ་སྟོང་བཞད་ཅིང་དགུ་འདུས་ཆུ་བོའི་འགྲམ་རྒྱུད་ན།།
གསར་གཏོད་འཕྲུལ་གྱི་ལྡེ་མིག་འཆང་བའི་མ་འོངས་གངས་རིའི་རྐང་འཛིན་པ།།
སྔོན་བསགས་བསོད་ནམས་ལས་ཀྱིས་སྐལ་བའི་མཛའ་བརྩེ་གསེར་གྱི་དན་རྟགས་འདི།།
ཡིད་འོང་གངས་དེབ་དགའ་ཚལ་ཁྲོད་ནས་ལག་ཟུང་སྙིམ་པས་པང་ལེགས་སམ།།
ཆུ་དང་གཙང་བོའི་ཕ་་མཐར་མ་བརྒལ་རང་ཡུལ་གངས་རིའི་འདབས་རོལ་ན།།
རི་དང་བྲག་རིའི་དཔུང་ལ་མ་འཇུས་བག་འཁུམ་རྗེས་ལ་བློ་འཁོད་པའི།།
ལོ་ཆུང་སེམས་པ་སྡུག་གིས་གཅུན་པའི་ཅང་མེད་བུ་ཆུང་བླུན་པོ་ངས།།
ཕུགས་བསམ་དམར་པོ་ཁོང་ན་རྩེན་པའི་གྲོགས་མཆོག་ཁྱོད་ཚོར་སྙིང་ནས་འདུད།།
སེམས་དང་བསམ་པའི་སྒུལ་ཤུགས་བར་ནས་མི་རིགས་ཤིག་་གི་ལས་དོན་གླེང་།།
བློ་དང་འདུན་པ་གཅིག་ཏུ་སྦྲེལ་ནས་སྙན་ངག་བདུད་རྩིར་ཡིད་སེམས་བརླན།།
བཙག་དང་བསེར་བུའི་བཞུར་རྒྱུན་ཁྲོད་དང་རྟ་ནོར་ལུག་གི་རྨིག་རྗེས་སུ།།
རྒས་གཉེར་རི་མོ་ཐོད་ལ་བཀོད་པའི་མཛའ་གཙུགས་གྲོགས་རྣམས་ལྷག་དུ་དྲན།།
ང་ནི་གནམ་མཁའི་ངོས་སུ་རྒྱུ་བའི་རྟ་བདུན་དབང་པོའི་འོད་སྣང་མིན།།
མདའ་གྲི་མདུང་གསུམ་རྒྱུན་པར་འཆང་བའི་རང་སྤུན་མཆོད་པའི་གཤེད་མ་མིན།།
ང་ནི་དྲང་བདེན་ལུགས་ལ་དད་པའི་སྙན་ངག་མཁན་པོའི་སེམས་ཁམས་སྟེ།།
དགུ་ཆུའི་རྒྱུན་གྱི་བརྩོན་པ་དང་ནི་སྙིང་སྟོབས་ལ་རྒྱའི་སྤོབས་སེམས་ཡོད།།
ལྷག་རླུང་རྒོད་པའི་ངར་ཤུགས་འོག་ནས་རྒྱང་བཞུད་དུང་ཟླའི་ཞལ་ངོ་དྲན།།
གྱོད་དང་ཁ་མཆུའི་རྩོད་གླེང་བར་ནས་ངུ་སྐད་མཉེན་མོ་རི་ནས་ཤོར།།
ཐ་ཚིག་གསུང་ལ་ཡིད་སྟོན་མེད་པ་འགྲན་རྩོད་དུས་ཀྱི་འཇིག་རྟེན་འདིར།།
སྡུག་དང་རྨོངས་པ་སེམས་ལ་སྒོམ་པའི་གཡོ་སྒྱུའི་ཟོལ་གྱི་མྱ་ངན་མིན།།
མཐོ་སྒང་ཨ་མའི་ནུ་ཞོ་མངར་མོས་ང་ཚོར་སྟོབས་དར་ལང་ཚོ་རྒྱས།།
བཅུ་དྲུག་བུ་མོ་གཞན་ཁྱིམ་འགྲིམས་པས་ང་ཚོར་གངས་ཆུ་སྐྱོགས་གང་གཏོར།།
ལུས་སེམས་ཨ་ལོང་གཅིག་ཏུ་སྦྲེལ་དེ་བསིལ་འཇམ་དུང་ཟླའི་ཐུ་འོག་ནས།།
དམ་ཚིག་མདུད་པ་སྙིང་ལ་བརྒྱབ་ནས་བོད་མིའི་རླུང་རྟ་ཡར་ལ་བསྟོད།།
མེ་ཏོག་སེར་ཆེན་སྤང་ནས་མི་བཞད་ཁ་བ་ནག་པོ་དམུ་བཞིན་རྒོད།།
བསུང་ཞིམ་དྲི་ངད་ཚོར་བའི་མི་ཟིན་སྐྱི་བསིར་རླུང་བུ་མདའ་བཞིན་མགྱོགས།།
ཕ་གཡར་སྲིན་པོའི་གདོང་ལ་འཕྱ་བའི་ལོ་རྒྱུས་སྨག་གི་ཧྲག་བར་ནས།།
ནམ་ཞིག་བརྩེ་ཆེན་ཉི་ཟླའི་གཟི་བྱིན་ཏི་སེ་ཟོམ་ནས་འཆར་བར་སྨོན།།
ཡིད་སེམས་དགའ་བའི་དངས་མ་རེ་ལ་ང་ཚོས་མཉམ་དུ་སྙན་ངག་འབྲི།།
སྒེར་གཙུགས་བྱས་རྗེས་རླབས་ཆེན་རེ་ལ་ང་ཚོས་མཉམ་དུ་བསྟོད་གླུ་འབུལ།།
ཚན་རྩལ་རིག་གཞུང་མཁའ་ལྟར་ཡངས་པའི་སྣ་འཛོམས་གངས་རིའི་མུ་ཁྱུད་ནས།།
གངས་རིའི་འདབས་ཀྱི་གངས་བུ་དེ་ཚོར་ང་ཚོས་མཉམ་དུ་བསམ་གཞིགས་གཏོང་།།
༢༠༡༠ ལོར་ཕ་ཡུལ་རེབ་གོང་ནས།