དྲན།
མཐོན་པོ་སྒང་ལ་བུད་ནས་ངས་ཁྱེད་ཉིད་དྲན་བྱུང་།
མཚོ་སྔོན་པོའི་རླབས་ཀྱི་ཕྲེང་ངོགས་སུ་ཆགས་པའི་ཕ་ཡུལ་བོང་སྟག་འབྲོག་སྡེ།
དམའ་མོའི་གཞུང་ལ་ཆས་ནས་ངས་ཁྱེད་ཉིད་དྲན་བྱུང་།
ལུག་རྫི་ཨ་ཇོའི་གདངས་འགྲོས་སུ་འཁོར་བའི་བདག་ཡིད་ཀྱི་མཚོ་སྐྱེས་ལྷ་མོ།
འགྱུར་མི་སྲིད་པའི་དམ་བཅས་རང་སེམས་འཆང་བའི་འཇིག་རྟེན་ནས།
ངས་ཁྱེད་ལྷག་ཏུ་དྲན་ནས་ཡོད། ནམ་ཡང་།
མཛེས་པའི་སྐར་ཕྲན་སེམས་ཀྱི་མལ་སྟན་དུ་སྒོམ་པའི་མཚན་མོ་དྲན་ནས་ཡོད།
གསང་གཞས་ཐར་ཐོར་རྒྱ་མཚོའི་ཀློང་རུམ་ལ་བསྐུར་བའི་མཚོ་མོ་དྲན་ནས་ཡོད།
འདས་པའི་ཁ་སང་གི་དུས་མཚམས་ཕྱིར་དྲན་ཁྲོད་ནས།
རང་སེམས་གཡའ་སེལ་མེ་ལོང་ངོར་གསལ་རྗེན་གནང་ཐེངས་རེར།
གཏམ་རྒྱུད་མ་ལུས་མུ་ནས་མུ་རུ་དྲན་བྱུང་།
མིག་ཆུའི་རྒྱུན་ཐག་ཡུན་ནས་ཡུན་དུ་འགྲིལ་བྱུང་།
ཐོག་མ་ནས་གོམས་པའི་ཕ་གཞིས་ལྷན་འཛོམས་ཀྱི་སྨོན་ཚིག་བར་ནས།
མཉམ་དཀྲོལ་རོལ་མོའི་འགྱུར་ཁུགས་ལ་སེམས་པ་གླན་པའི་རྨི་ལམ་དེ་་་་་་་
དྲན། མགོ་བརྩམས་མ་ཐག་གི་ལེ་ཚན་རེ་ལ་མཚོ་མོ་ལྟ་བུའི་རྒྱབ་ལྗོངས་མཆིས་ན།
དྲན། ཁྱེད་ཀྱི་མཚོ་མོ་ལྟ་བུའི་སྙན་ངག་གི་རྒྱལ་སྲས་དེའི་རལ་གྲིའི་གླེགས་བམ་མི་གླེང་དོན་ཅི།
དྲན། རྟོགས་བཏཊ་ཀྱིས་བཞེངས་པའི་འཁྲབ་གཞུང་ངོས་ནས་མཚོ་མོ་ལྟ་བུའི་སྡུག་གླུ་མངའ་ན།
དྲན། ཁྱེད་ཀྱི་མེ་ལྕེ་ལྟ་བུའི་མིག་ཆུས་གནམ་སའི་མཐོང་སྣང་མི་བརྒལ་དོན་ཅི།
དྲན་པའི་རྟེན་ལ་དུང་བ་བརྒྱུས་ནས།
སྙན་པའི་ཚིག་ལ་རང་ལུས་སྦར་ཐེངས་རེར།
དྲན། ཁྱེད་ཀྱི་སྙན་ངག་གི་གླེང་གཞི་ལས་ང་འབོར་དོན་ཅི།
མཛེས་པའི་སྐར་ཕྲན་སེམས་ཀྱི་མལ་སྟན་དུ་སྒོམ་པའི་མཚན་མོ་འབོར་དོན་ཅི།
གསང་གཞས་ཐར་ཐོར་རྒྱ་མཚོའི་ཀློང་རུམ་ལ་བསྐུར་བའི་མཚོ་མོ་འབོར་དོན་ཅི།
བདག་གི་སེམས་ཉིད་གཏད་སའི་དྲན་ལགས།
རེ་བའི་འོད་ཟེར་འདི་ལྟར་ཁ་ཐག་རིང་བོར་གྱེས་ནས།
སེམས་ལ་རྨ་ཁ་གཅིག་ཐོག་གཉིས་བརྩེགས་སུ་བཞག་ན།
དངོས་ནས་འཚོ་བར་འགྲེལ་དཔོག་དཀའ་བ་ལེགས་བཤད་པར་དྲན་གི
མཚོ་ཟེར་བའི་བུ་མོ་ཞིག་གི་མིག་ཆུའི་ཕྲེང་ཐག་བརྒྱུས་ནས།
ཕ་ཡུལ་གྱི་རི་ལུང་ཀུན་ལ་གཏམ་རྒྱུད་ཅིག་གི་དབུ་ཁྱུད་བྲིས་པར་བསམ་ན།
ངས་བདེན་དོན་གནས་ལུགས་བསམ་བློའི་གྲི་རྩེར་བསྐྱོན་པའི་ཁྱེད་ཀྱི་དཔའ་སྟོབས་དྲན་གི
ངས་དྲན་གདུང་མིག་ཆུ་ལང་ཚོའི་སྲིད་རྩེར་སྒྲོན་པའི་ཉིད་ཀྱི་སྙན་ངག་དྲན་གི
དྲན་ལགས། བདག་གི་མཚོ་སྐྱེས་ལྷ་མོ།
༢༠༡༡ ༨ ༡༦ ཉིན་བྲིས།