རྨི་ལམ་གྱི་རོལ་དབྱངས།
དུངས་སེམས་སྙིང་དུ་བསྒོམ་པའི་བརྩེ་བ་འདི།།
སྙིང་གི་མཚོ་མོར་སྤྲིངས་པའི་སྙན་ངག་ཡིན།།
མིག་ཆུ་ས་རུ་འཐིམ་པའི་མྱ་ངན་འདི།།
སེམས་ཀྱི་མཉམ་དཀྲོལ་རོལ་མོའི་གདུང་དབྱངས་ཡིན།
ཁ་བ་མར་མར་འབབ་པའི་གཏམ་རྒྱུད་ཀྱིས།།
རྒྱང་རིང་མཚོ་མོའི་སེམས་ལ་ན་ཟུག་བསླངས།།
ཁུ་བྱུག་ལྷོ་མོན་འགྲིམས་པའི་སྐྱོ་གར་གྱིས།།
སྙན་ངག་མཁན་པོར་མིག་ཆུའི་འཇིག་རྟེན་བསྐྲུན།།
འཇག་མའི་ཤུགས་གླུ་གྱེར་བའི་དབྱངས་རྟ་ནི།།
བདག་ལ་མྱ་ངན་ཞུ་བའི་རོལ་དབྱངས་ཡིན།།
ཁྱོད་ཀྱིས་མགྲིན་ལས་བརྡོལ་བའི་གཞས་གླུ་དེ།།
བདག་སེམས་མཁར་རུ་འདྲེན་པའི་བརྩེ་བ་ཡིན།།
ཁ་དོག་མདངས་ཀྱིས་ཕྱུག་པའི་འཇིག་རྟེན་འདི།།
འུ་གཉིས་གར་ལ་རྩེན་སའི་སྟེགས་བུ་སྟེ།།
རྨི་ལམ་ཞིང་ནས་འཕྲད་པའི་མཇལ་འཛོམས་ནི།།
ཁྱོད་ཀྱིས་ང་ལ་བཞག་པའི་མིག་ཆུ་ཡིན།།
མཚོ་མོས་ཟླ་བ་བསྒོམ་པའི་བརྩེ་བ་འདི།།
བདག་སེམས་ཁྱོད་ལ་འཁྲེང་བའི་སྙན་ངག་ཡིན།།
ཟླ་བ་མཚོ་ལ་ལྷུང་བའི་གཏམ་རྒྱུད་དེ།།
ཁྱོད་དང་ང་ཡི་སྐྱོ་འཁྲབ་རིང་མོ་ཡིན།
ཆུ་མོ་ཤག་ཤག་བཞུར་བའི་དབྱངས་རྟ་ནི།།
ཁྱོད་དང་ང་ཡི་དགོད་སྒྲའི་འགྱུར་ཁུགས་ཡིན།།
བརྩེ་བ་ལྷུག་ལྷུག་བརྗོད་པའི་སྙིང་གཏམ་དེ།།
མིག་ཆུའི་མཆོད་ཆང་ཕུལ་བའི་གདུང་དབྱངས་ལགས།།
རླབས་ཀྱིས་སྐྱོམས་པའི་ཆུ་ཡི་ཟེགས་མ་ནི།།
ཁྱོད་ལ་སྒྲོན་པའི་གཡུ་ཡི་ཕྲ་རྒྱན་ཡིན།།
སྒྱུ་འཕྲུལ་གར་གྱིས་བཞེངས་པའི་ཕོ་བྲང་འདི།།
ཏིང་འཛིན་སྨྱུག་ལས་སྐྱུགས་པའི་སྙན་ངག་ཡིན།།
སྡོང་ལོ་སེར་པོ་གཅིག་གིས་སྟོན་དུས་ཤེས།།
མེ་ཏོག་གསར་བཞད་ཅིག་གིས་དབྱར་དུས་ཤེས།།
མིག་ཆུས་བཞེངས་བསྐྲུན་གནངས་པའི་སྙན་ངག་འདི།།
མཚོ་མོའི་ལས་ཀྱི་གཏན་གྲོགས་ཡིན་པར་ཤོག།