ཨ་ཅེ་ལགས། བརྩེ་བ་འབུམ་གྱིས་བཏེགས་པའི་སྙན་ངག་ཁྱོད་ལ་སྒྲོན།
གུས་པར་འོས་པའི་ཨ་ཅེ་སངས་དུང་སྐྱིད་ལ།
༡
རྒྱང་རིང་གི་ཁྱོད། སྙན་འགྱུར་འབུམ་ཕྲག་གིས་ཕྱུག་པའི་རོལ་དབྱངས་དང་ལྷན་དུ།
ངའི་སེམས་ཀྱི་གཏིང་རིམ་ནས་མེ་ཏོག་བཞིན་ག་ལེར་ག་ལེར་མངོན་ལ།
ངའི་སེམས་ཀྱི་གཏིང་རིམ་ནས་མིག་ཆུ་བཞིན་ག་ལེར་ག་ལེར་བཞུར་འགྲོ།
ཨ་ཅེ་ལགས། ཡོད་ཚད་མཛེས་སྡུག་གིས་རྒྱན་པའི་དེ་རིང༌།
ང་ལྟེམས་ཀྱི་ལེར་ཞི་འཇགས་ཀྱིས་འཁྱིལ་བའི་མཚོ་སྔོན་པོའི་ཁར་ཀྲོང་བོར་འགྲེང་སྟེ།
མཐའ་བཞིའི་འཇིག་རྟེན་གྱི་མཛེས་པ་མ་ལུས་རྒྱང་བལྟ་བྱེད་དུས།
གློ་བུར་དུ་དྲན་བྱུང༌། སྙིང་ནས་གཅེས་པར་འོས་པའི་ཨ་ཅེ་ཁྱོད་རང༌།
༢
ཨ་ཅེ་ལགས། ཟབ་ཅིང་གཏིང་མཐའ་བྲལ་བའི་ཁྲི་ཤོར་རྒྱལ་མོ་ནི།
ཁྱོད་ཀྱི་ལྷད་མེད་ཀྱི་བསམ་བློ་དང་དྭངས་གཙང་གི་བཞིན་རས་སུ་མངའ་ཞིང༌།
མཐོ་ཞིང་བརྟན་པོར་འགྱིང་བའི་རྨ་ཆེན་གངས་རི་ནི།
ཁྱོད་ཀྱི་འགྱུར་མེད་ཀྱི་རང་གཤིས་དང་རྟག་བརྟན་གྱི་འཛུམ་མདངས་སོ།
ཡིན་ནའང༌། ང་དང་ཁྱོད་ཀྱི་བར་ཐག
རི་ཆུ་སྟོང་ཕྲག་མང་པོའི་ཕ་རོལ་དང༌།
ལོ་རབས་ཁྲི་ཕྲག་མང་པོའི་གཏམ་རྒྱུད་དུ་འཁུམས་ནའང༌།
ངས་ཁྱོད་ཀྱི་བརྩེ་བ་དང་ལྷག་བསམ་དྲོན་མོ་དྲན་ཐེངས་རེར།
ངས་ཁྱོད་ལ་སྙིང་གཏམ་དང་བཀའ་དྲིན་ཞུ་ཡིག་ཕུལ་ཐེངས་རེར།
མིག་ཆུ་དྲོན་མོའི་བཞུར་རྒྱུན་ནམ་ཡང་ཆད་པར་མི་འགྱུར་ལ།
སེམས་པ་གདུང་བའི་ཟུག་གཟེར་ནམ་ཡང་བཟོད་པར་མི་ནུས་ལགས།
༣
ངས་དེ་རིང་གངས་རི་དཀར་པོ་ཞིག་གི་རང་མདངས་པང་བཞིན།
ངས་དེ་རིང་ཆུ་བོ་དྭངས་མོ་ཞིག་གི་དྲོད་སྣང་བསྒོམ་གྱིན།
ཆེས་ཐག་རིང་གི་གནམ་སའི་ཧྲག་བར་ན་འཚེར་བའི་བདག་གི་སྐར་མ་འོད་ཆེན་སྟེ།
རང་སེམས་ཀྱིས་ནམ་ཡང་ཐེག་པར་དཀའ་བའི་ཨ་ཅེ་ཁྱོད་ཀྱི་ལྷད་མེད་ཀྱི་བསམ་བློར།
དྭངས་གཙང་ཡིད་འོང་གི་སྙན་ངག་ཕོར་བ་གང་དགུང་ལ་བཏེགས་ནས།
རྣོ་དབལ་གྱི་ཐ་སྙད་རེ་རེ་རང་སྟོབས་ཀྱིས་ཤུགས་ཆེར་སྒྲིག་ཐེངས་རེར།
མེ་ཏོག་གི་དྲི་ངད་དང་ཁུ་བྱུག་གི་གསུང་དབྱངས་ལས་སྙན་པའི་གླུ་ངག་ཅིག
འཁྲེང་སེམས་དང་ང་རྒྱལ་གྱིས་ཀློང་ནས་ངས་ཁྱོད་ལ་སྐྱེས་སུ་མཆོད་པར་སྤྲོ་ལགས།
སྲིད་པ་འཇིག་རྟེན་འདི་མགོ་མཇུག་མ་ལྡོག་པར།
གནམ་ས་ཡངས་མོ་འདི་གས་ཁ་མ་ཐེབས་པར།
གཏན་ནས་གཏན་དུ。。。。。
༤
ངས་དེ་རིང་རང་གི་སེམས་ཀྱི་སྟོང་ཆ་ལ་གྱེས་ཕྱག་འབུལ་གྱིན།
དྲན་ཤིང་དང་རེ་སྒུག་གིས་མནར་བའི་མིག་ཆུའི་རྡོག་ཕྲེང་རེ་རེ།
སྙན་ངག་གི་བླ་མཁར་རེ་ལ་བཞེངས་བསྐྲུན་བྱེད་ཐེངས་རེར།
ཁྱོད་རང་ངའི་སེམས་ཀྱི་གཏིང་རིམ་ནས་མེ་ཏོག་བཞིན་ག་ལེར་ག་ལེར་མངོན་ལ།
ཁྱོད་རང་ངའི་སེམས་ཀྱི་གཏིང་རིམ་ནས་ཆུ་མོ་བཞིན་ག་ལེར་ག་ལེར་བཞུར་འགྲོ།
གང་ལྟར། འཁྱག་སིབ་སིབ་ཀྱི་སྙིང་ཁར་སྤུངས་པའི་སྡུག་བསྔལ་ལྗིད་པོ་འདི།
གྲང་ཤུར་ཤུར་གྱི་སྐོམ་པའི་གཟེར་བའི་ན་ཟུག་དྲག་པོ་འདི།
ཁྱོད་ཀྱིས་ང་ལ་བཞག་པའི་ལྷད་མེད་དྭངས་གཙང་གི་མཛེས་སྡུག་སུ་མངའ་ལ།
བདག་གིས་ཁྱོད་རང་དྲན་པའི་ལོ་རྒྱུས་རྡོ་རིང་གི་དན་རྟགས་སུ་འདུག་གོ
༥
ཨ་ཅེ་ལགས། བར་ཐག་འདི་དགོས་དབང་ཞིག་གིས་ཁྱོད་ལ་བཞག་པའི་ཁྲིམས་ཆད་ཡིན་ནམ།
བར་ཐག་འདི་མི་ཆེན་དཔོན་ཆེན་ཞིག་གིས་ང་ལ་གནང་བའི་ཉེས་ཆད་ཡིན།
གང་ལྟར། བདག་ལ་རི་བོ་མཐོན་པོ་ཞིག་གི་དབུ་རྩེ་མངའ་ན།
ངས་ཁྱོད་ལ་གཟི་འོད་ཆེམ་ཆེམ་འཕྲོ་བའི་སྙིང་གཏམ་ཞིག་ལྷུག་པོར་བརྗོད་ཆོག་ལ།
བདག་ལ་རྩྭ་ཐང་ཆེན་པོ་ཞིག་གི་ཁ་བྱང་དབང་ན།
ངས་ཁྱོད་ལ་རྟག་བརྟན་འགྱུར་མེད་ཀྱི་སྙན་ངག་ཅིག་མཁའ་རུ་བསྒྲེང་ཆོག་གོ
བདག་གི་སྙིང་ནས་གཅེས་པར་འོས་པའི་ཨ་ཅེ་ལགས། སངས་དུང་སྐྱིད།
༦
ཨ་ཅེ་ལགས། ངས་དེ་རིང་གནམ་སྔོན་པོ་ལྟ་བུའི་རང་ཉིད་ཀྱི་བྲང་ཁ་དོག་མོ་ཡངས་པོར་ཕྱེ་ནས།
ངས་དེ་རིང་ས་ཆེན་པོ་ལྟ་བུའི་རང་ཉིད་ཀྱི་དཔའ་དང་སྤོབས་པ་མཐོན་པོར་སྒྲེང་གིན།
མདུན་ནས་མདུན་དུ་བསྐྱོད་ཀྱིན་ཡོད།
ཉི་ཟླ་ལྟ་བུའི་རྣོ་དབལ་གི་རལ་གྲི་ལྗིད་པོ་ཞིག་ལག་ཏུ་འཆང་ནས།
ཁ་བཏགས་ལྟ་བུའི་མི་གཤིས་གཙང་མ་ཞིག་གི་ས་སེམས་པའི་དྲོད་སྣང་སྒོམ་གྱིན།
ཁྱོད་དང་ཁ་ཐག་རིང་ཞིང་ཁ་བ་དང་རླུང་འཚུབ་རྒོད་པའི་ཡུལ་གྲུ་འདི་ནས།
བདག་སེམས་བྲང་ཁོང་ནས་ཆས་ཏེ་མདུན་དུ་སྐྱོད་ཀྱིན་ཡོད།
མི་རིགས་ཤིག་གི་བླ་སྲོག་དང་མི་རབས་ཤིག་གི་སྐུ་མཁར་སྲུང་ཆེད།
ཨ་ཅེ་ཁྱོད་ཀྱི་རེ་སྙེག་དང་སེམས་དང་བསམ་པར་བཀའ་དྲིན་ཞུ་ཆེད།
ཨ་ཅེ་ལགས。。。
༢༠༠༩ལོའི་སྟོན་ཁར་ཕ་ཡུལ་རེབ་གོང་ནས་བྲིས།