རི་གྲོང་གི་བརྩེ་བ།
གཡུ་ལོ་ལྡེམ་ལྡེམ་གཡོ་བའི་ལྗོན་ཚལ་ན།།
བརྩེ་བ་དབྱངས་ལ་འགུག་པའི་མགྲེན་སྔོན་ཅན།།
ཆར་ལྡན་དུས་ཀྱི་ལང་ཚོའི་མྱོང་སྣང་གིས།།
འཁྲེང་སེམས་ལྗིད་ཀྱིས་མནར་བའི་ངལ་བ་བྱིན།།
སྤྲིན་དཀར་ཕོན་པོ་མཁའ་མཐའི་དབྱིངས་ན་རྒྱུ།།
ཁྲུང་ཁྲུང་དཀར་མོའི་བསྟར་ཕྲེང་ལྷོ་ལ་བསྒྱུར།།
བྱིའུ་འཇོལ་མོའི་སྐྱོ་གཞས་ནགས་ནས་ཤོར།།
ལས་ངན་བུ་མོའི་བརྩེ་བ་གྲོང་ན་ལུས།།
དུངས་སེམས་ཕྲ་མོའི་འགྱུ་བ་རྒྱང་ལ་འཐེན།།
བྱམས་པའི་ཞལ་རས་ཏིང་འཛིན་ཀློང་ནས་སྒོམ།།
མཇལ་འཛོམས་རེ་སྨོན་སྙིང་པའི་སྦུབ་ལ་གཏད།།
མ་འོངས་འཚོ་བའི་འདུན་མར་ཡིད་ཆེས་བཅོལ།།
དོ་ནུབ་ང་ཡིས་ཟླ་བའི་བསིལ་ངོགས་ན།།
དྲན་པའི་སེམས་གཞས་ངག་ལས་སྐྱོར་བཞིན་ཡོད།།
སྐར་རྒྱན་ཕྲ་མོ་འཛུམ་པའི་འོད་དཀར་དབུས།།
ཁྱོད་ཀྱི་ཞལ་རས་སྒེག་མོ་འཚོལ་བཞིན་ཡོད།།
སེམས་ཀྱི་སྐྱོ་བ་སེལ་བར་ཆང་ཞིག་འཐུང་།།
བློས་ཐུབ་གྲོགས་ལ་སྙིང་གི་གཏམ་ཡང་གླེང་།།
ཆང་ཁའི་གཏམ་རྒྱུད་མངར་མོའི་ཞིམ་སྣང་གིས།།
ཁྱོད་ལ་མྱུར་བ་མཇལ་བའི་ཞེ་ཞིག་འཁྲེང་།།
ཡིད་སེམས་སྟོང་བར་སྣང་བའི་སྐྱོ་བ་འདི།།
ཁྱོད་ཀྱིས་གྱེས་སྟངས་དེ་ཡིས་ལན་ནམ་ཅི།།
རྨི་ལམ་ཀློང་དུ་མཇལ་བའི་སྤྲོ་དགའ་ཡང་།།
ཐོ་རངས་བྱ་ཕོའི་གདངས་ལས་ཐོལ་གྱིས་དཀྲོག།
ཁྱོད་ཀྱི་ཕུགས་རེ་འབྱོར་བའི་དཔལ་རེ་འཁྲེང་།།
རི་གྲོང་འཚོ་བའི་ཡུལ་ལ་ཞེན་པ་དབེན།།
རང་ཉིད་ཆེན་པོར་རློམ་པའི་དྲི་མ་ཅན།།
མི་ཚེའི་རིན་ཐང་བར་ན་བྲོ་བ་མེད།།
བར་ཐག་བསྐལ་བའི་ལས་ལ་དྲན་པ་ལྕི།།
འོ་སྤྲི་འདྲེས་པའི་བརྩེ་བར་ཞེན་པ་ཆེ།།
དམ་བཅའ་སེམས་ལ་བཞག་པའི་འོད་ཐིག་ཅིག།
ཕྱི་ཐག་ཁྲེལ་གཞུང་ངོས་ན་ལྷོད་ཀྱིས་འཛུམ།།
ཕྱི་སྣོད་འཇིག་རྟེན་འཚོ་བའི་གནས་མལ་ཡིན།།
ལས་ཀྱི་སྙིང་ཐུབ་ཡིད་ཀྱི་འཁྲི་ཤིང་ཉིད།།
ཞེ་འདང་སྣུམ་པོ་རྩ་བའི་ལོངས་སྤྱོད་ཡིན།།
ཚེ་རབས་གཏན་གྱི་སྨོན་པ་འགྱུར་མེད་ཡིན།།
ཁྱོད་དང་ལོ་ཟླའི་བར་གྱི་དྲན་པ་འདིར།།
རྩིས་གྲངས་ལན་གསུམ་བརྒྱབ་པའི་ངལ་བ་ཡིས།།
སྐྱོ་བ་གྲངས་སུ་བགྲང་བའི་མཆོད་པ་འདི།།
རི་གྲོང་འཚོ་བའི་ཁྲོད་ཀྱི་བརྩེ་བ་ཡིན།།
༢༠༡༡ ༥ ༡༡ ཉིན་བྲིས།