བུ་མོ་གཡུ་འབྲུག་མཚོ་མོ།
གཞས་སྙན་མོ་དབྱངས་ལ་བཀུགས་ན།། རོགས་སུ་ཞིག་ཡིད་ནས་དྲན་ཡོད།།
རི་མཐོན་པོར་སྨུག་པས་བརྒྱབ་ན།། ཡིད་ས་ཕྱོགས་གང་ལ་འཁྲེང་ཡོད།།
ཨ། ཆུང་འདྲིས་བྱམས་པ། གཡུ་འབྲུག་ཡ་མཚོ་མོ།
ལོ་ཟླ་བ་ཕར་ལ་བསྐྱལ་ན།། མིག་ཁྲ་ཆུང་མཆི་མའི་གཡོགས་འགྲོ།།
སེམས་གོར་མོར་ན་ཟུག་བརྒྱབ་ན།། སྙིང་ཡ་ཆུང་འཁྱགས་པའི་འཐེབས་འགྲོ།།
ཨ། གཡུ་འབྲུག་མཚོ་མོ། ཆུང་འདྲིས་ཡ་བྱམས་པ། ཁྱེད་རང་དྲན།
དགུང་མཚམས་སྤྲིན་རི་རྩེར་འཁྱིལ་ན།། ཞེ་འདང་ཅན་སུ་ལ་སྒུག་ཡོད།།
འབྲི་མཛོ་མོའི་སུག་བཞིའི་བར་ན།། སེམས་དྲོན་མོ་སུ་ལ་ཆགས་ཡོད།།
ཨ། ཆུང་འདྲིས་བྱམས་པ། གཡུ་འབྲུག་ཡ་མཚོ་མོ།
སྦྲ་གྲུ་བཞིའི་ཁ་འཚུབ་བར་ནས།། སེམས་དམར་ཆུང་ཁྱེད་ལ་གཏད་ཡོད།།
རྟ་འདོ་བའི་རྐྱ་རྩལ་གོང་ན།། ཆང་བཟི་ཁའི་རང་སེམས་གླན་ཡོད།།
ཨ། གཡུ་འབྲུག་མཚོ་མོ། ཆུང་འདྲིས་ཡ་བྱམས་པ། ཁྱེད་རང་དྲན།