རྨ་ཀླུང་སྔོན་མོར་བསྐུར་བའི་འཕྲིན་པ།
ལུས་ཀྱི་ལང་ཚོའི་བཞུར་རྒྱུན་སྔོན་མོ་སྟེང་ཕྱོགས་ཡུལ་ལ་གློག་བཞིན་བསྒྱུར།།
བརྩེ་བའི་མིག་ཟུང་རྒྱང་ལ་གཏོད་བཞིན་སྤོབས་པའི་གོ་ཆ་ལུས་ལ་བགོས།།
གཏུམ་སྤྱོད་གཡུལ་ལས་རྣམ་པར་རྒྱལ་ཕྱིར་རླབས་ཆེན་དར་ཆ་འདེགས་བཞིན་དུ།།
སྲིད་གསུམ་འཇིག་རྟེན་ཡུན་གྱིས་བསྐོར་བའི་རྨ་ཀླུང་གླུ་མ་བདེ་ལེགས་སམ།།
མགྲིན་པའི་འཁོར་ལོ་ལྷོད་ཀྱིས་བསྐོར་ཞོར་སྙན་པའི་གླུ་དབྱངས་ལེན་བཞིན་དུ།།
རི་ཆེན་རེ་ལ་དཀྱིལ་གསུམ་རྒྱགས་ཤིང་རྩེན་པའི་བྲོ་གར་འཁྲབ་བཞིན་དུ།།
ཞི་འཇགས་བག་འཁུམས་ལྟེམས་ཀྱིས་འཁྱིལ་བའི་ཆུ་གཏེར་ཆེན་པོ་དཀྲོགས་འདོད་ཀྱིས།།
ཆལ་ཆིལ་ཝུ་བ་མཁའ་ལ་གཏོར་ཞིང་ཁ་ཆར་འདྲེས་མ་གདོང་གིས་བསུས།།
ཁྱོད་ནི་གངས་རིའི་སྙིང་ནས་བརྡོལ་བའི་གངས་ལྗོངས་ཡུལ་གྱི་མ་མ་སྟེ།།
ཚེ་སྲོག་ཕྲ་མོ་སྤང་ལ་འཐིམ་པའི་རྩི་ཤིང་ཡོངས་ཀྱི་མགོན་སྐྱབས་ཡིན།།
རེ་འཇགས་རེ་ལང་ཤུགས་ཀྱིས་སྐྱོམས་པའི་རྦ་རླབས་སྔོན་མོའི་འདུ་འཛིའི་ཁྲོད།།
འགྲན་རྩོད་དུས་འདིར་ཧུར་བརྩོན་གྱིས་ཞེས་གདུང་བའི་སྙིང་གི་འབོད་སྐུལ་གྱེར།།
ཁྲུང་ཁྲུང་དཀར་མོ་ལྷོ་ལ་འཕུར་བ་གནམ་གཤིས་ཤིག་གི་འགྱུར་ལྡོག་དང༌།།
ཉིན་མཚན་དབྱེར་མེད་ལས་ལ་བརྩོན་པ་གངས་ཅན་བོད་མིའི་གཤིས་ཀ་ཡིན།།
གཡང་གཟར་བྲག་ལས་འབབ་པར་ཕོད་པའི་རྨ་ཀླུང་ཁྱོད་ཀྱི་སྙིང་སྟོབས་ཏེ།།
གངས་བུ་ང་ཚོས་བསྐལ་བའི་བསྐལ་བར་བློ་སེམས་བསྐྱེད་པའི་དན་རྟགས་ཤིག།
དྲན་པའི་གཞས་ཆུང་ངག་ལ་འགུགས་བཞིན་ཁུ་བྱུག་སྔོན་མོ་ཡུལ་འདིར་ལྷགས།།
འགྲུལ་བཞུད་རྨིག་རྗེས་གངས་ལ་བཞག་པའི་འབྲོང་ཆུང་དར་མ་རྫ་ན་རྩེན།།
རེ་བའི་འཛུམ་རྒྱ་དལ་གྱིས་གྲོལ་བའི་ཁྱོད་ཀྱི་འཛུམ་ཟེར་རླབས་ཕྲེང་དེ།།
རྒྱང་རིང་རི་བོའི་ཟོམ་ནའཕྲོ་བའི་དུས་རབས་གསར་བའི་ཉི་གཞོན་ལགས།།
ང་ནི་ཕུགས་བསམ་སྙིང་ལ་བརྡོལ་བའི་གངས་ཅན་ཡུལ་གྱི་སློབ་བུ་ཞིག།
སྙན་འཇེབས་དབྱངས་ཀྱི་རྒྱུད་སྐུད་འདྲེན་པའི་རྨ་ཀླུང་ངེད་གཉིས་ཡུལ་ཕྱོགས་གཅིག།
ལ་ལུང་མང་པོ་འཕྲད་དུ་བཅད་ནས་ཤམ་བྷ་ལ་ཡི་དག་ཞིང་དེར།།
དམ་ཚིག་མདུད་བརྒྱ་གཅིག་ཏུ་སྦྲེལ་དེ་མདུན་ནས་མདུན་དུ་བསྐྱོད་ལ་རེ།།
ཀྱེ་ཀྱེ་བརྩེ་སེམས་རྒྱང་དུ་འཐེན་པའི་རྨ་ཀླུང་དལ་འགྲོ་རིང་མོ་ལགས།།
གྱ་གྱུའི་འགྲོས་ཀྱི་གོམ་སྟབས་བསྒྱུར་བཞིན་ཞི་འཇགས་བག་གིས་འདིར་གསོན་དང༌།།
ཕུན་ཚོགས་འདོད་རྒུའི་དཔལ་ལ་རོལ་བའི་སྣ་ཚོགས་གཏམ་གྱི་འཇིག་རྟེན་འདིར།།
རླབས་ཀྱི་མུ་ཏིག་དགུང་ལ་གཏོར་བཞིན་སྙན་པའི་ངག་གིས་འདི་སྐད་ཀྱིས།།
ཚན་རྩལ་རིག་གནས་མཁའ་ལྟར་ཡངས་པ་མི་རིགས་རང་གི་ཁྱད་ཆོས་དང༌།།
སྤྲེལ་སྲིན་ལྷ་མི་གང་ལས་མཆེད་ཀྱང་ང་ཚོ་གངས་ཅན་བོད་པ་ཡིན།།
ང་ཚོས་གཅིག་སེམས་གཅིག་གིས་མི་དགག་དུས་རབས་གསར་བའི་ཞོགས་རླུང་ཁྲོད།།
པོ་ཏ་ལ་ཡི་དབུ་འཕང་བསྟོད་བཞིན་ཚན་རྩལ་སྣ་ཚོགས་སློབ་དུ་འགྲོ།
ཨེ་མ་འཛིན་མའི་ལྟེ་བར་འགྱིང་བའི་ཧི་མ་ལ་ཡི་ལྷོ་ཕྱོགས་སུ།།
ཀྱེ་ཧོ་ནམ་མཁའི་མདངས་ལ་འཁུ་བའི་ཁྲི་ཤོར་རྒྱལ་མོའི་འགྲམ་རྒྱུད་ཀྱི།།
ཨ་ལེ་རི་བོའི་གཏོས་དང་ཉམས་པའི་རྨ་ལྷོའི་དགེ་ཐོན་སློབ་གླིང་ནས།།
ཀྭ་ཡེ་རྨ་ཀླུང་སྔོན་མོར་བསྐུར་བའི་སྐྱེས་འདི་སློབ་གྲོགས་ཚོགས་ལ་ཕུལ།།
༢༠༡༠ལོའི་ཟླ་༨པར་ཕ་ཡུལ་རེབ་གོང་ནས།