མཆོད་ཚིག་བུང་བའི་མགྲིན་གླུ།
གཙུག་གཤེན་རྣམ་རྒྱལ།
ལུང་རྟོགས་གསེར་རིའི་སྤོ་ལ་གནས་འཆའ་ཞིང་། །
སྟོང་ཉིད་སྙིང་རྗེ་ཟུང་འཇུག་རལ་ཀློང་ནས། །
ལུང་རིག་གད་རྒྱངས་སྒྲོག་ལ་ཆེས་དཔའ་བ། །
ཡོངས་འཛིན་སྨྲ་བའི་སེང་གེར་ལན་བརྒྱར་འདུད། །
མཁྱེན་ཡོན་མཁའ་མཐའ་གཞལ་བའི་གནས་མ་ཡིན། །
མཁྱེན་བརྩེའི་འོད་མདངས་མཁའ་ལ་འཕྲོ་བ་ཡིས། །
ཕན་བདེའི་ཆུ་སྐྱེས་རྒོད་པའི་ཚལ་གསེབ་ཏུ། །
བུང་བའི་མགྲིན་གླུ་སྒྲོག་པ་དངོས་པོའི་གཤིས། །
རྨད་བྱུང་ཕྲིན་ལས་དཀར་འཇམ་ཡུག་གཅིག་གིས། །
རྒྱ་མཚོའི་གོས་ཅན་ཁྱབ་པར་བགྱིས་པའི་དགེས། །
བཤད་སྒྲུབ་ཨུད་འབར་དགའ་ཚལ་བགྲངས་ཡས་པ། །
བརྡོལ་འདི་ཁྱེད་མཐུ་ཁོ་ནས་དྲིན་ལས་སོ། །
གྲུབ་རིག་གོང་མས་ཞིང་གཞན་འགྲོ་ལ་གཟིགས། །
བསྟན་པའི་གཉེར་དཔོན་ཁྱེད་ཀྱིས་མ་མཛད་ན། །
བསྟན་དོན་ཇི་བཞིན་བྱ་བ་བྱེད་ནུས་དཀོན། །
བསྟན་པ་འདི་ཡི་སྲོག་མཐུད་ཁྱེད་གཅིག་པུ། །
ཁྱད་པར་སྔགས་སེམས་བླ་མེད་གདམས་དོན་གནད། །
ཚིག་སྐམ་གཞའ་རིས་སྤྲོ་མཁས་སར་ཁྱབ་ཀྱང་། །
དོན་རྒྱུད་མྱོང་གོམས་ཚད་མ་ལྡན་པ་ཡིས། །
རྒྱུད་ལ་སྨན་པའི་བྱིན་ཅན་ཁྱེད་གསུང་ཙམ། །
རྟག་ཏུ་སྟོང་ཆེན་དབྱིངས་ལ་མི་གཡོ་བས། །
བསྲུང་བྱ་སྲུང་བྱེད་ཡུལ་ལས་འདས་མོད་ཀྱང་། །
འགྲོ་རྣམས་བྱང་ཆེན་ལམ་ལ་བཀྲི་བའི་ཕྱིར། །
ཁྱེད་སྐུ་བསླབ་གསུམ་ངུར་སྨྲིག་གར་གྱིས་སྤུད། །
ཁྱེད་ཐུགས་མེ་ལོང་གཙང་མའི་ངོས་དག་ལ། །
འཁོར་འདས་ཤེས་བྱ་ཇི་སྙེད་མ་ལུས་ཀུན། །
རྟོག་འཛིན་རྡུལ་གྱི་དྲི་མས་མ་གོས་པ། །
སོ་སོ་མ་འདྲེས་གསལ་བར་གཟིགས་འདི་མཚར། །
སྐྱེ་འཆི་བར་དོ་སྲིད་ཁམས་སྣང་ཞེན་ཀུན། །
རྣམ་གསུམ་ཏིང་འཛིན་འཕྲུལ་འཁོར་ལ་བརྟེན་ནས། །
སྐུ་གསུམ་ཡེ་ཤེས་རྩལ་དུ་ཤར་བས་ན། །
ལྷ་སྔགས་ཡེ་རོལ་འབྱམས་སུ་ཀླས་ལ་དབང་། །
ལྟ་བ་ཁྲེགས་ཆོད་ཀ་དག་སྟོང་པའི་ཀློང་། །
སྒོམ་པ་ཐོད་བརྒལ་སྣང་བཞི་ཟད་སར་བསྐྱལ། །
རླུང་སེམས་རང་སར་གྲོལ་བའི་བྱེད་ལས་སུ། །
འདི་ལྟའི་སྣང་ཆ་སྟོང་གཟུགས་གཤིས་སུ་གཟིགས། །
མ་འོངས་འགྲོ་ལ་རྗེས་བརྩེའི་འཛུམ་རླབས་ཀྱིས། །
ཁྱེད་གསུང་ལུང་རིགས་སྐྱེ་ལྔའི་སྦྲང་རྩིའི་ཟས། །
གསོས་པའི་དྲན་དབང་ར་ཡིག་གཉིས་པའི་ཚོགས། །
ལི་ཁྲིའི་རྡུལ་ཕྲེང་མཁའ་ལ་འཕྱུར་འདྲའི་མཚོན། །
དཔྱད་གསུམ་དག་པའི་འཕྲུལ་ལས་ཐོན་པ་ཡི། །
རིག་པའི་གནས་དང་སྡེ་སྣོད་གསུམ་གྱི་བོན། །
གསལ་བར་བསྟན་པའི་འགྲེལ་དང་ཆ་ལག་སོགས། །
མ་འོངས་འགྲོ་ལ་དམིགས་བུ་ཁོ་ནར་ངེས། །
སྔོན་བྱོན་ཞང་བོད་མཁས་གྲུབ་དུ་མ་ཡིས། །
བསྟན་འགྲོའི་དོན་བྱས་བསམ་ལས་འདས་མོད་ཀྱང་། །
རེ་རེས་མཛད་པ་བསྐྱངས་བའི་ཚུལ་བལྟས་ན། །
རླབས་ཆེན་ཕྲིན་ལས་བདག་པོ་ཁྱེད་ཉིད་ཙམ། །
བསྟན་འགྲོའི་དོན་ལ་རྫོགས་མཐའ་མ་མཆིས་པས། །
ད་དུང་ལྷོ་གླིང་འགྲོ་བའི་སྐྱབས་མགོན་དུ། །
བསྐལ་བརྒྱའི་བར་དུ་བཞུགས་པར་གསོལ་བ་འདེབས། །
དེ་ལ་གནས་བཞིའི་ཐུགས་རྗེས་གཟིགས་མཛོད་ཀྱེ། །