ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མིག་ཆུས་ས་ཆེན་བརླན་ལ་གཟིགས།
[ 2012/6/3 23:37:00 | By: Laozhuojueni ]
 

             མིག་ཆུས་ས་ཆེན་བརླན་ལ་གཟིགས།

 

སྤྱད་པས་སྒྲིབ་སེལ་གཡུང་དྲུང་བོན། །

འཛིན་སྐྱོང་སྤེལ་ཏེ་གཅེས་མཛད་པའི། །

འགྲན་བྲལ་དཔོན་གསས་གང་ཉིད་ལ། །

སྙིང་ནས་འདུད་དོ་བྱིན་རླབས་སྩོལ། །

 

འཛིན་པ་བསམ་མནོས་མ་བསླད་པའི། །

ལྟ་བ་བླ་མེད་ངང་སྐྱོང་བའི། །

རང་རིག་གཤིས་ཀྱི་བླ་མ་ལ། །

སྙིང་ནས་འདུད་དོ་བྱིན་རླབས་སྩོལ། །

 

གཞན་དོན་རང་བས་གཅེས་མཛད་པའི། །

རྒྱལ་སྲས་སེམས་དཔའི་སྤྱོད་པ་དངོས། །

ཁུར་བཞེས་གཤེན་རབ་བླ་མ་ལ། །

སྙིང་ནས་འདུད་དོ་བྱིན་རླབས་སྩོལ། །

 

དོན་གྱི་ཞི་བདེ་སློབ་འདོད་པའི། །

རྨང་གཞི་སྙིང་རྗེ་ཆེན་པོ་དང་། །

དབྱེར་མེད་དཔལ་ལྡན་བླ་མ་ལ། །

སྙིང་ནས་འདུད་དོ་བྱིན་རླབས་སྩོལ། །

 

མཐའ་གཉིས་བྲལ་བའི་མྱང་འདས་ཆེར། །

གཤེགས་ཐབས་ཕ་རོལ་ཕྱིན་པ་བཅུ། །

ཉམས་སུ་བཞེས་པའི་བླ་མ་ལ། །

སྙིང་ནས་འདུད་དོ་བྱིན་རླབས་སྩོལ། །

 

དབང་མེད་ལས་ཀྱིས་འཕུལ་བ་ཡི། །

རྟེན་མེད་རྣམ་ཤེས་འཁྱམ་པོ་གང་། །

བདེ་བའི་གནས་འཕེན་བླ་མ་མཆོག །

སྙིང་ནས་འདུད་དོ་བྱིན་རླབས་སྩོལ། །

 

བྱམས་སྙིང་གཞི་ལས་མ་གཡོས་ངང་། །

འཁྲོས་ཚུལ་བཞེངས་པས་བསྟན་དགྲ་ཀུན། །

འདུལ་མཛད་སྟག་སླག་ལྷ་སྲས་ལ། །

སྙིང་ནས་འདུད་དོ་བྱིན་རླབས་སྩོལ། །

 

ཟླ་བྲལ་བྱམས་བརྩེའི་རང་གཟུགས་ཆེ། །

གཞན་ཕན་རིན་ཆེན་གཏེར་དབང་བའི། །

ཕུན་ཚོགས་སུམ་ལྡན་གང་ཉིད་ལ། །

སྙིང་ནས་འདུད་དོ་བྱིན་རླབས་སྩོལ། །

 

 

ལྟོས་བཅས་འགྲོ་བའི་བསོད་ནམས་ཀྱིས། །

མ་ཁྱོག་གང་སྐུ་དབྱིངས་གཟིམས་པར། །

ཤུལ་ལུས་ཉམ་ཐག་ཁྱུ་ཚོགས་ཀྱི། །

མིག་ཆུས་ས་ཆེན་བརླན་ལ་གཟིགས། །

 

གསར་བརྗེའི་བདུད་གྲི་རྣོན་པོ་ཡིས། །

མ་ཆོད་གང་སྐུ་པད་མོའི་འདབ།། །

གློ་བུར་བསོད་མིན་ལྷགས་རླུང་གིས། །

ཞི་དབྱིངས་སྤུར་འདི་ཅི་ཡིས་ལན། །

 

གྱུས་འཐིང་རྒས་འཁོགས་ད་ཕྲུག་ཁྱུས། །

རྣམ་ཤེས་བཅོལ་སའི་ཡབ་གཤེགས་ཞེས། །

སྡུག་གི་ངུ་ངག་འཐེན་ཐེངས་རེས། །

ཁྱེད་ཐུགས་གཞི་རིག་མ་དཀྲོགས་སམ། །

 

བརྟན་གཡོ་སྣོད་བཅུད་གང་དག་ལ། །

ཞི་བདེ་འབྱུང་བའི་ཐབས་སྣ་ཚོགས། །

མ་འགག་སངས་རྒྱས་གཡུང་དྲུང་བོན། །

སྤེལ་ཕྱིར་སླར་ཡང་འབྱོན་པར་ཞུ། །

 

སྤྱིར་ན་སེམས་ཅན་དོན་མ་གཏོགས། །

སངས་རྒྱས་ལ་ནི་ལས་གཞན་མེད། །

གསུངས་ལྟར་ཡིན་ཀྱང་ཞིང་འདི་རུ། །

ཐུགས་བརྩེ་མ་ཆུང་སླར་ཕེབས་ཀྱེ། །

 

བདག་སོགས་དད་པའི་ཨ་ལོང་སྣེར། །

ཁྱེད་ཐུགས་ལྕགས་ཀྱུ་རབ་བསྐོན་ནས། །

གཏན་གྱི་ཞི་བདེའི་གླིང་འཁྲིད་ཕྱིར། །

སླར་ཡང་ལན་གཅིག་མཇལ་སྐལ་གནང་། །

 

སྔོན་བསགས་ལས་སྨོན་བཟང་པོས་མཐུས། །

མཚན་ལྡན་བཤེས་གཉེན་གང་དག་ལ། །

དག་སྣང་དགའ་དད་མཐུག་པ་ཡི། །

དཔལ་གྱི་དགེ་རྒྱས་མིང་གིས་ཕུལ། །

 

                ༢༠༡༢། ༥། ༢༤།

 

 
 
Re:མིག་ཆུས་ས་ཆེན་བརླན་ལ་གཟིགས།
[ 2012/7/3 13:54:39 | By: Laozhuojueni ]
 
Laozhuojueniདྲ་གྲོགས་རིག་པའི་ལྷ་གཡག་ལགས་ནས་སྐུལ་ལྕགས་གནང་བ་བཀའ་དྲིན་ཆེ། ཡིན་ཡང་བདག་བློ་དམན་པས་རྩོམ་འབྲི་དུས་ཧ་ཅང་མོ་འདུག
 
 
Re:མིག་ཆུས་ས་ཆེན་བརླན་ལ་གཟིགས།
[ 2012/6/5 19:09:42 | By: danzengyixi ]
 
danzengyixi


བཀླགས་ཟིན།
དུས་ཚོད་རེ་བྱུང་དུས་ཟིན་བྲིས་ནང་མང་ཙམ་ཕེབས་པར་རེ།
ལྷ་གཡག་དར་མས།
 
 
Re:མིག་ཆུས་ས་ཆེན་བརླན་ལ་གཟིགས།
[ 2012/6/4 12:55:18 | By: སྐུ་མགྲོན་L52Sjv(སྐུ་མགྲོན) ]
 
སྐུ་མགྲོན་L52Sjv(སྐུ་མགྲོན)ཡག་པོ་འདུག།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.