ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྤྲོ་དགའི་མཆོད་དབྱངས།
[ 2014/2/11 20:38:00 | By: Laozhuojueni ]
 

སྤྲོ་དགའི་མཆོད་དབྱངས།

༼བྱང་བྱ་དུར་དགའ་མལ་དགོན་གྱི་མཁན་རིན་པོ་ཆེ་ཤེས་རབ་མཐར་ཕྱིན་རིན་པོ་ཆེའི་གྱ་སྟོན་སྟོན་ལ་ཕུལ་བའི་དགུང་སྟོན་ཤིས་ཚིག༽

གཙོ་ཚུལ་ཁྲིམས།    ཁྱུང་པོ་སྟེང་ཆེན་དགོན།

སྟོང་ཉིད་སྙིང་རྗེའི་འཛུམ་ཞལ་ལྷུག་གིས་གྲོལ།

ཐབས་ཤེས་ཕྱག་ཟུང་བྱམས་བརྩེའི་སྙོལ་སྐྱོང་མཁས།

ཟབ་གསང་གདམས་དོན་ནུ་ཞོ་སྦྱིན་མཛད་པའི།

མ་ཡུམ་དྲིན་ཆེན་བླ་མར་གུས་པས་འདུད།

 

བསྡུ་བཞིའི་མིག་བརྡས་སྐལ་ལྡན་མགྲོན་དུ་བསུས།

ལུང་རིག་ཟབ་མོའི་དྲན་རྟེན་མགྲིན་པར་བརྒྱན།

སྟོང་ཆེན་གཤིས་ཀྱི་ཡུམ་ལ་འཁྲིལ་བ་ཡི།

ཡབ་གཅིག་དྲིན་ཆེན་བླ་མར་གུས་པས་འདུད།

 

ལེགས་ཉེས་འབྱེད་པའི་ཞལ་ཏ་ལྷག་ཏུ་ཟབ།

ཉོན་མོངས་དགྲ་ལ་རིག་མཚོན་དབལ་རྣོ་བའི།

ཐར་བདེའི་རྒྱལ་སར་འཁྱམས་པའི་རོགས་དམ་པ།

གྲོགས་མཆོག་དྲིན་ཆེན་བླ་མར་གུས་པས་འདུད།

 

བཅོས་མིན་ངེས་འབྱུང་སེམས་ཀྱིས་དྲངས་པ་ཡི།

སྤོང་ལམ་སོ་ཐར་བསླབ་པས་རྒྱུད་བསྡམས་པས།

གཞན་འཚེའི་སྤྱོད་པ་མ་ལུས་དྲུང་ནས་ཕྱུངས།

ཕྱི་རྒྱུད་འདུལ་བའི་བླ་མར་གུས་པས་འདུད།

 

སྨིན་བྱེད་དབང་དམ་མིག་སྙིང་སྲོག་བས་གཅེས།

སྟོང་ཉིད་སྙིང་རྗེའི་ཡེ་ཤེས་ཁོང་ནས་ཤར།

བསྐྱེད་རྫོགས་རིམ་པས་སྣང་ཞེན་ལྷར་བསྒྱུར་བའི།

ནང་རྒྱུད་སྔགས་ཀྱི་བླ་མར་གུས་པས་འདུད།

 

སྔོན་འགྲོའི་རིམ་པས་རང་རྒྱུད་རབ་སྦྱངས་ཏེ།

དངོས་གཞི་ཀ་དག་དགོངས་པའི་མཁའ་དབྱིངས་སུ།

རང་གསལ་ལྷུན་གྲུབ་ཡེ་ཤེས་གོམས་བྱས་པའི།

གསང་རྒྱུད་རྫོགས་ཆེན་བླ་མར་གུས་པས་འདུད།

 

བསྟན་དོན་གཅེས་པའི་ཐབས་ཤེས་འདབ་བརྒྱ་བཞད།

བསྟན་སྲོག་མཐིལ་ཆེན་བསླབ་གསུམ་ཟེའུ་འབྲུ་སྨིན།

བསྟན་སྦྱིན་ལྷ་མི་འདུས་པའི་ཚལ་ན་མཛེས།

བསྟན་འཛིན་ཨུད་དཔལ་གང་ལ་གུས་པས་འདུད།

 

ཤེསབྱའི་གནས་ལུགས་རྣམ་དཔྱོད་སྤྱན་གྱིས་གཟིགས།

རབ་མང་འགྲོ་ལ་རྗེས་ཆགས་འཛུམ་གཡོ་ཞིང་།

མཐརཕྱིན་ལུང་རིགས་སྦྱིན་བརྒྱ་འགྱེད་པ་ཡི།

ངེས་དོན་གྲུབ་རྗེ་མཆོག་ལའང་གུས་པས་འདུད།

 

སྐུ་མཚན་རང་བཞིན་གཡུང་དྲུང་གཤིས་སུ་ཤར

གསུང་སྙན་མ་འགག་བོན་འཁོར་བསྐོར་ལ་བྱང་།

ཐུགས་གཤིས་སྐྱོན་ཚོགས་པད་མོའི་གཞི་ལ་ནུབ

ཡོན་ཏན་རིན་ཆེན་འབད་མེད་ཁྱེད་ལ་ལྷོས།

 

དཔལ་ལྡན་བླ་མའི་རྟོགས་པ་བརྗོད་པ་ཡི།

ངག་རིག་རྩ་འདབ་ཡོངས་སུ་གྲོལ་མིན་ཀྱང་།

ཡབ་གཅིག་གཤེན་གྱི་རྗེས་འཛིན་སུ་གང་ལ།

བསྟོད་དབྱངས་ངག་ཕྱག་འབུལ་ལ་རབ་སྤྲོ་བས།

 

མཆོག་ཉིད་བསྟན་དང་འགྲོ་བའི་མཛའ་བཤེས་སུ།

ཕེབས་ནས་ལོ་འཁོར་བཅུ་ཕྲག་བརྒྱད་ལོན་པར།

མི་ཕྱེད་སྤྲོ་དགའི་མཆོད་དབྱངས་ཕུལ་དང་ལྷན།

སླར་ཡང་བསྐལ་བརྒྱའི་མགོན་དུ་བརྟན་བཞུགས་གསོལ།          ༢༠༡༡།༡༢།༣༠


 
 
Re:སྤྲོ་དགའི་མཆོད་དབྱངས།
[ 2014/2/12 18:36:43 | By: སྐུ་མགྲོན་0f72Yl(སྐུ་མགྲོན) ]
 
སྐུ་མགྲོན་0f72Yl(སྐུ་མགྲོན)༧ རྒན་ལགས་ལོ་གསར་པའི་ནང་དུ་ང་ཚོའི་ཟིན་གཞིས་སུ་ཕེབས་པར་དགའ་བསུ་ཞུ། རྩོམ་འདིའི་བརྗོད་བྱའང་ལེགས་པོ་ཡོད་ཤག་ལ་ཡི་རངས་ཡོད། བསྟན་མིང་པས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.