སེམས་ཀྱི་བཤེས་ལ་བསྔགས་པའི་ཚིག་འཕྲེང་རང་སེམས་ངལ་གསོ་བཞུགས།
འཆད་པའི་ཆུ་བོས་འགྲོ་བའི་རྨོངས་སྒྲིབ་འཁྲུད།།
རྩོད་པའི་ཐོག་གིས་ཕས་རྒོལ་ཕྱེ་མར་འཐགས།།
རྩོམ་པའི་གླིང་བུས་ཐར་འདོད་གཉིད་ལས་དཀྲོག།
སུམ་ལྡན་དགེ་བའི་བཤེས་རྣམས་ཕྱག་གི་ཡུལ།།
མཁས་པའི་ཡོན་ཏན་ལྔ་རིག་མཁྱེན་རྩལ་ཆུབ།།
བཙུན་པའི་ངང་ཚུལ་ནང་རིག་སྤྱོད་བཟང་འཁྱིལ།།
བཟང་པོའི་མཛད་རྗེས་བོན་ཁམས་དཔལ་དུ་བཀྲ།།
སུམ་ལྡན་དགེ་བའི་བཤེས་རྣམས་ཕྱག་གི་ཡུལ།།
ཐོས་པའི་ཆུ་བོ་ངོམ་མེད་ཧུབ་ཀྱིས་འཐུང་།།
བསམ་པའི་ནོར་གླིང་ཤེས་བརྩོན་གོམ་པས་བསྐྱོད།།
སྒོམ་པའི་ནོར་བུ་ཞི་ལྷག་ཁུད་དྲིལ་བའི།།
སུམ་ལྡན་དགེ་བའི་བཤེས་རྣམས་ཕྱག་གི་ཡུལ།།
ལྟ་བའི་ཕུགས་ཆེན་ལུང་རིག་ཟུང་གིས་མཇལ།།
སྒོམ་པའི་ངང་ཐག་ཉམས་མྱོང་ཚད་མས་བསྲིངས།།
སྤྱོད་པའི་བཙུན་ཚུལ་རྨད་བྱུང་བསླབ་པས་བསྐྱངས།།
སུམ་ལྡན་དགེ་བའི་བཤེས་རྣམས་ཕྱག་གི་ཡུལ།།
མདོ་དོན་ཨུ་དུམ་ཝ་རའི་བསུང་ཞིམ་འཐུལ།།
སྔགས་ལམ་བདུད་རྩི་སྨན་གྱི་བཅུད་ཞགས་འཁྱིལ།།
སེམས་དོན་ཡིད་བཞིན་ནོར་ལ་སྨོན་ལམ་ཐེབས།།
སུམ་ལྡན་དགེ་བའི་བཤེས་རྣམས་ཕྱག་གི་ཡུལ།།
ཕྱི་ཚུལ་གཙང་མཛེས་དད་ལྡན་མིག་གི་དཔལ།།
ནང་ཁྲིམས་དམ་སྲུང་མོས་ལྡན་སྒྲིབ་པའི་གཉེན།།
གསང་རྒྱུད་དབང་ཐོབ་སྐལ་ལྡན་ཐར་པར་འགོད།།
སུམ་ལྡན་དགེ་བའི་བཤེས་རྣམས་ཕྱག་གི་ཡུལ།།
དེ་བཞིན་ཏིང་འཛིན་བདག་མེད་གཞི་ཐོག་བཞག།
ཀུན་སྣང་ཏིང་འཛིན་ཚད་མེད་འགྲོ་ལ་བརྩེ།།
རྒྱུ་མཐུན་ཏིང་འཛིན་སྣང་གྲགས་ལྷ་རུ་བཞེངས།།
སུམ་ལྡན་དགེ་བའི་བཤེས་རྣམས་ཕྱག་གི་ཡུལ།།
སེམས་ཉིད་སྐྱེ་མེད་ཨ་དཀར་རྣམ་པ་ཅན།།
རང་རིག་སྐྱེ་མེད་རིག་པའི་རང་གདང་གིས།།
ཐུགས་ཉིད་སྐྱེ་མེད་ཀུན་བཟང་ངང་ཕུལ་བའི།།
སུམ་ལྡན་དགེ་བའི་བཤེས་རྣམས་ཕྱག་གི་ཡུལ།།
ཚུལ་ཁྲིམས་བསླབ་པས་ཉོན་མོངས་དགྲ་བོ་ཐུལ།།
ཏིང་འཛིན་བསླབ་པས་བྱིང་རྒོད་རྐུན་བུ་ཕུད།།
ཤེས་རབ་བསླབ་པས་ཤེས་བྱའི་སྒྲིབ་པ་སེལ།།
སུམ་ལྡན་དགེ་བའི་བཤེས་རྣམས་ཕྱག་གི་ཡུལ།།
སྐུ་ཡི་པད་མ་གོས་དྲུག་འདབ་ལོས་མཛེས།།
གསུང་གི་པི་ཝང་དབྱངས་ཅན་སོར་མོས་འཁྲོལ།།
ཐུགས་ཀྱི་རྒྱ་མཚོ་ཤེས་བྱའི་རི་མོ་བཀྲ།།
སུམ་ལྡན་དགེ་བའི་བཤེས་རྣམས་ཕྱག་གི་ཡུལ།།
གབ་པའི་གནས་ལུགས་རང་རིག་ལྟ་བས་གཟིགས།།
མཛོད་ཀྱི་དགོངས་དོན་གདུལ་བྱའི་གོ་ཚོད་སྟུན།།
ས་ལམ་ཡོན་ཏན་མས་རིམ་གསལ་བར་བསྟན།།
སུམ་ལྡན་དགེ་བའི་བཤེས་རྣམས་ཕྱག་གི་ཡུལ།།
གཞི་ཡི་རྨིང་རྡོ་རང་སེམས་ཀློང་ནས་བཏིང་།།
ལམ་གྱི་རྒྱལ་མཁར་རང་སྣང་གར་གྱིས་བསྐྲུན།།
འབྲས་བུའི་ཏོག་ཆེན་རང་འབྱུང་རྩལ་དུ་བཏོན།།
སུམ་ལྡན་དགེ་བའི་བཤེས་རྣམས་ཕྱག་གི་ཡུལ།།
ཨ་ཁྲིད་བདུད་རྩི་དད་མོས་ཡོལ་བར་སྐྱིལ།།
རྫོགས་ཆེན་རོ་བཅུད་རང་རིག་ལྕེ་ཡིས་བླང་།།
སྙན་རྒྱུད་མྱོང་བས་ལུས་སེམས་འོད་དུ་སྒྱུར།།
སུམ་ལྡན་དགེ་བའི་བཤེེས་རྣམས་ཕྱག་གི་ཡུལ།།
བོན་སྐུའི་དགོངས་པ་སྐྱེ་མེད་སྟོང་ཆས་བསྙེན།།
རྫོགས་སྐུའི་མཚན་དཔེ་འགག་མེད་གསལ་ཆས་བཞེངས།།
སྤྲུལ་སྐུའི་རྫུ་འཕྲུལ་གཉིས་མེད་ཉམས་ཀྱིས་འགྱེད།།
སུམ་ལྡན་དགེ་བའི་བཤེས་རྣམས་ཕྱག་གི་ཡུལ།།
ཁྱེད་རྣམས་ཐུགས་བསྐྱེད་སྟོན་ཁའི་ཟླ་བ་དང་།།
བདག་གི་བསྟོད་འཕྲེང་པད་མ་དཀར་པོ་གཉིས།།
ལྷན་གཅིག་འབྲས་ལྡན་དུས་སུ་ཚེས་པ་འདི།།
སྒྲིབ་སྦྱོང་ཚོགས་གཉིས་རྫོགས་པའི་དཔལ་དུ་འབུལ།།
༢༠༡༤།༩།༨།༧:༤༡