ཞབས་པད་བསྐལ་བརྒྱར་བརྟན་པར་ཤོག།
༼སྐྱོང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེའི་དགུང་སྟོན་ལ་ཕུལ་བའི་མཆོད་ཚིག༽
༡༽
དྲི་བྲལ་རྒྱལ་བསྟན་སྙིང་པོ་ཆེ།།
མེད་སོགས་མཐའ་བཞི་བྲལ་བ་ཡི།།
འོད་གསལ་རྫོགས་པ་ཆེན་པོ་ལ།།
ཟེར་སྒྲོས་གཡམ་རྒྱུག་མ་ཡིན་པར།།
རང་མྱོང་རྗེན་བུར་སྐྱོང་བ་ཡི།།
ངེས་དོན་སྤྲོས་བྲལ་རྣལ་འབྱོར་ཉིད།།
སྣང་སྲིད་རྩེར་འཕྱོའི་ཁྱུང་ཆེན་དང་།།
གངས་དཀར་ཁྲོད་ཀྱི་སེང་ཆེན་ཏེ།།
ཉམ་ང་མེད་པར་རླབས་ཀྱིས་འཕགས།
མཐའ་འཛིན་དགྲ་ཆེན་ཟིལ་གྱིས་གཞོམས།།
༢༽
དྲི་མེད་གཞི་ཡི་ནམ་མཁའ་ལས།།
འོད་ཟེར་རྩལ་གྱི་སྤྲིན་གཡོས་པ།།
བཟོ་སྒྲ་ཕྱི་ནང་གཞུང་སྤྱི་དང་།།
ཁྱད་པར་གསོ་བ་རིག་པའི་གནས།།
གོ་ཡུལ་སྒྲ་སྤྱི་ཙམ་མིན་པར།།
མ་ལུས་ཐུགས་སུ་ཆུབ་པ་ཡི།།
དྲང་དོན་ཀུན་མཁྱེན་མཁས་པའི་དབང་།
ལྷ་མདའི་རྩེར་མཆོད་ནོར་བུ་དང་།།
ཕ་རོལ་གནས་འདྲེན་མཉན་པ་སྟེ།།
ཡོན་ཏན་འབད་མེད་ཤུགས་འབྱུང་རྫོགས།།
ཚོམ་གཅིག་བདེ་ཆེན་ཞིང་དུ་ལྡིང་།།
༣༽
ཕན་བདེའི་རྒྱུ་བོན་མ་འགག་ཅིང་།།
མཐར་ཐུག་དོན་གཉིས་ལྷུན་གྲུབ་པའི།།
ལེགས་ཚོགས་ཡོན་ཏན་འབྱུང་བའི་གནས།།
འཚེ་མེད་གཤེན་བསྟན་རིན་པོ་ཆེར།།
ཁ་མཁས་ཕྱི་གཅེས་མ་ཡིན་པར།།
དོན་དམ་ནང་གི་སྲི་ཞུ་མཁན།།
སྨན་མཆོག་རྣམ་པར་རྒྱལ་བ་དང་།།
མུན་སེལ་རིག་པའི་སྒྲོན་མེ་སྟེ།།
སྐྱེ་འགྲོའི་ནད་གདུང་ཡོངས་སུ་བསལ།།
རང་རིག་ལམ་བུ་ཧར་གྱིས་བསྟན།།
༤༽
མཁས་བརྒྱའི་ཏོག་གྱུར་འགྲོ་བའི་མགོན།།
ཨེ་མ་མཉམ་མེད་སྐྱོང་སྤྲུལ་མཆོག།
བསྟན་དང་འགྲོ་བའི་མགོན་པོ་རུ།།
ཞབས་པད་བསྐལ་བརྒྱར་བརྟན་པར་ཤོག།