ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྫིའུ་རིག་པ་རང་ཤར་གྱི་རྣམ་ཐར་བཞུགས།
[ 2011/6/2 0:17:00 | By: Laozhuojueni ]
 

རྫིའུ་རིག་པ་རང་ཤར་གྱི་རྣམ་ཐར་བཞུགས། །

སྡེ་དགེ་ཚེ་དབང་འགྱུར་མེད། 

དབྱིངས་ཉིད་བདེ་ཆེན་བོན་སྐུ་ཀུན་ཏུ་བཟང་། །

འགག་མེད་རང་གསལ་རྫོགས་སྐུ་དཔའ་བོ་གསས། །

དབྱེར་མེད་མངོན་ཤར་ཚེ་དབང་རིག་པ་འཛིན། །

སྐུ་གསུམ་ངོ་བོ་བླ་མས་རྟག་ཏུ་སྐྱོངས། །

               

             ༧འདིར་རྫིའུ་རིག་པ་རང་ཤར་གྱི་རྣམ་ཐར་རང་གིས་མཐོང་བ་ཡོད་རིགས་ཕྱོགས་གཅིག་ཏུ་བཀོད་པ་ལ། དེ་ཡང་བླ་མ་འདི་ཉིད་ལ་ཐུན་མོང་མ་ཡིན་པའི་རྣམ་ཐར་ངོ་མཚར་དང་ལྡན་པ་ཡོད་ངེས་ཀྱང་། དེ་དག་ད་ལྟ་མཇལ་ཡུལ་དུ་མེད། དེས་ན་རང་གི་བརྗེད་ཐོ་ཙམ་ཞིག་འདི་ན་བཀོད་པ་ལ་གསུམ། དང་པོ་སྐུ་སྐྱེ་བ་བཞེས་ཚུལ། གཉིས་པ་སྔོན་སྦྱངས་ཀྱི་ལས་འཕྲོ་སད་ཚུལ། གསུམ་པ་དབྱིངས་སུ་མྱ་ངན་འདས་ཚུལ་ལོ།།

དང་པོ་བླ་མ་འདི་ཉིད་མཁན་ཆེན་བསོད་བློ་དང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གཉིས་ཀྱི་སྐུ་སྐྱེ་སྔ་མ་ཡིན་ཚུལ་ནི་ཁོང་རྣམ་གཉིས་ཀྱི་རྣམ་ཐར་ལས་གསལ། འཁྲུངས་པའི་དུས་རབས་སོགས་གསལ་པོ་མི་ཤེས་ཀྱང་ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་བླ་མ་བསྟེན་ཚུལ་ནི་ཁོང་གི་རྣམ་ཐར་དཔེ་གཟུགས་ཤོག་གྲངས་བཅུ་དྲུག་ལས། ཁྱད་པར་དུ་རྒྱལ་རོང་གི་ཡུལ་དུ་རྣལ་འབྱོར་གྱི་དབང་ཕྱུག་རྫིའུ་རིག་པ་རང་ཤར་ཞེས་མཁས་གྲུབ་རྩོད་མེད་ཀྱི་གཏེར་སྟོན་ཞིག་བཞུགས་པའི་མཚན་ཐོས་པ་ཙམ་གྱིས་སྤྲོ་བ་ཚད་མེད་པ་ཞིག་བྱུང་བས་རྐྱེན་བྱས་ཏེ་རང་ཡུལ་གཉེན་བཤེས་རྩ་ལག་དང་བཅས་པ་ལ་མ་བལྟས་པར་གཅིག་པུར་བྱ་བྲལ་གྱི་རྣམ་པའི་བྱོན་ཏེ། བླ་མའི་མདུན་དུ་ཕེབས་པས་བླ་མ་ཉིད་ཀུན་ཏུ་བཟང་པོ་དངོས་སུ་གཟིགས། རྫོགས་པ་ཆེན་པོའི་སྙན་བརྒྱུད་ཡེ་དབང་ཆེན་མོ་ལྟར། དབང་བཞི་སྤྱི་དང་རིག་པ་རྩལ་དབང་བསྐུར་བས་རྟོགས་གྲོལ་དུས་མཉམ་གྱི་དགོངས་པ་ལ་མངའ་བརྙེས་པའི་ཚུལ་བསྟན། རྒྱལ་ཐེབས་ཀྱི་དབང་བསྐུར་ནས་བསྟན་པའི་བདག་པོར་མངའ་གསོལ་མཛད། རང་གཏེར་རྫོགས་ཆེན་ལྟ་བ་ཐོག་འབེབས་ཀྱི་སྐོར་སོགས་དང་རྡོ་རྗེ་པའི་ཡབ་སྲས་དྲིལ་སྒྲུབ་སོགས་སྨིན་གྲོལ་གདམས་པ་མང་དུ་ནོས། ཅེས་གསུངས་འདུག་པས།  ཁོད་པོ་བློ་གྲོས་ཐོགས་མེད་ནི་རབ་བྱུང་ལྔ་པའི་སྨད་ཙམ་ནས་བྱོན་པ་ཡིན་ཞིང་ཁོང་ཡང་རབ་བྱུང་ལྔ་པའི་ནང་བྱོན་པར་མངོན།  ཁོང་གི་ཡབ་ཡུམ་ནི་བསོད་བློའི་རྣམ་ཐར་ལས། ཡབ་ཁྲོ་རྒྱལ་དང་ཡུམ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་རྫིའུ་རིག་པ་རང་ཤར་འཁྲུངས་ཞེསགསུངས། གདུང་རྒྱུད་གནམ་བོན་ཡིན་ཚུལ་གསུངས་པ་དང་། ཐོག་འབེབས་ལས། སྒ་ཡིན་ཚུལ་ནི། ཐོག་འབེབས་གོང་མའི་འགྲེལ་ལས། མི་ཡི་གཟུགས་ལ་མཐའ་འཁོབ་རྒྱལ་རོང་དུ། །ལྷ་སྲས་སྒ་རིགས་རྒྱུད་ལ་སྐྱེ་བར་བཞེས། །སྔ་མའི་བསོད་ནམས་དལ་འབྱོར་ཕུན་སུམ་འཚོགས། །ཞེས་གསུངས། འཁྲུངས་ཡུལ་རོང་བཞིའི་ནང་ཚན་ཤར་རྒྱལ་མོ་རོང་གི་ས་ཆ་ཡིན་པ་ནི། ཤར་རྫའི་རྣམ་ཐར་དེབ་གཟུགས་ཤོག་གྲངས་ ༼༢༢ ༽ ལས། དེ་ནི་རྒྱལ་རོང་དམུ་རྗེ་ཉེ་བར་བལྟམས་ནས་ཆུང་དུས་ནས་རབ་ཏུ་བྱུང་། མཚན་ཤེས་རབ་གཡུང་དྲུང་གྲགས་པ་ཞེས་གསོལ། ཞེས་གསུངས་པས། འདུལ་བ་ཞུ་ཡུལ་བླ་མ་གང་ཡིན་མི་གསལ། ཁོང་ཉིད་སྐུ་ན་ཆུང་དུས་ཤེས་རབ་གཡུང་དྲུང་གྲགས་པ་མ་གཏོགས་རིག་པ་རང་ཤར་མཚན་གསོལ་གྱི་མེད་པར་མངོན།

གཉིས་པ་སྔོན་སྦྱངས་ཀྱི་ལས་འཕྲོ་དུས་འདིར་སད་ཚུལ་ནི། ཁོང་གིས་མཛད་པའི་རྫོགས་ཆེན་ལྟ་བ་ཐོག་འབེབས་ཀྱི་ལེའུ་གོང་མའི་འགྲེལ་ལས་ཅུང་ཟད་བསྡུས་ཏེ་བཀོད་པ་ལ། འོན་ཀྱང་ཁོ་བོའི་རྣམ་ཐར་ཟུར་ཙམ་ནི། སྐྱེ་གནས་སྔ་ཕྱི་གཉིས་ཀྱི་རྣམ་ཐར་ཞིབ་ཏུ་མི་འཚལ་ཏེ་སྐྱེ་གནས་འདི་ཡི་རྣམ་ཐར་ཟུར་ཙམ་སྟོན་པ་ནི། ཟག་མེད་བློ་བྲལ་རིག་པའི་རང་མདངས་ལས་ཉམས་སྣང་གི་གསལ་ཆ་སྐབས་རེ་ན། སྔ་མ་དང་ཕྱི་མའི་སྐྱེ་གནས་མང་བར་གསལ་ཀྱང་། ཡོན་ཏན་ཆུང་ངུ་མི་སྨྲ་གབ་པའི་རིགས། མཆོག་གི་ཡོན་ཏན་ཙམ་ཡིན་པས་ཡོན་ཏན་ཆུང་ངུ་ཡིན་ཏེ་འདིར་གསལ་བར་མི་འཚལ། སྐྱེ་བ་འདི་ཉིད་ཀྱི་རྣམ་ཐར་ཟུར་ཙམ་སྟོན་ཏེ། ལོ་གསུམ་ལོན་ཏེ་མ་པང་དུ་གནས་པའི་ཚེ་ཕྱི་འབྱུང་བ་དང་བེམ་པོས་མ་བསྒྲིབ་པས། རིག་པ་རང་བྱུང་གི་ཡེ་ཤེས་རང་བཞིན་གྱིས་གསལ་ཏེ་རང་བཞིན་མ་འགག་མཐོང་སྣང་ཇི་སྙེད་གསལ། དགུང་ལོ་བརྒྱད་དགུའི་བར་དུ་ཐོས་པ་བོན་མེད་པ་ལ། བསླབ་བྱ་ཕྲིན་ལས་ཀྱི་སྐོར་དུམ་བུ་ཡང་རང་བཞིན་གྱིས་ཤེས། ཁྱིམ་ཐབ་ཀྱི་མེ་ཚ་བའི་དམྱལ་ཁམས་བཅོ་བརྒྱད་བསྒྲངས་པར་མཐོང་བ་དང་། གཙང་ཆུ་ཆེན་པོའི་གཞུང་ནས་གྲང་བའི་དམྱལ་ཁམས་བརྒྱད་སྦྱོང་བ་དང་། རྒྱལ་རོང་གི་ཁམས་ཙམ་ཁྲག་གི་མཚོ་མོ་རྦ་རླབས་འཁྲུགས་པ་གཅིག་ཏུ་གྱུར་ནས་དེ་ཡི་ནང་ན་སེམས་ཅན་གྲངས་མེད་སྦྱང་བ་དང་། སྐབས་རེ་ན་འཇིགས་ཚུལ་ཅན་གྱི་གཤིན་རྗེའི་གཟུགས་ཅན་གྲངས་མེད་པས་མནར་བ་དང་། སྐབས་རེ་ན་ཡུལ་ཁམས་ངུ་སྒྲས་འགེངས་ཏེ་ཆོ་ངེ་ཆེན་པོ་ཐོས་པ་དང་། མ་དག་པའི་སྣང་བ་རིགས་དྲུག་བར་དོའི་རྣམ་པ་གྲངས་མེད་པ་མངོན་སུམ་དུ་འཆར་རོ། །དེ་ལྟར་འཁྲུལ་སྣང་དུ་མ་འཆར་བའི་ཚེ་སྙིང་རྗེ་དཔག་མེད་རྒྱུད་ལ་སྐྱེས་ནས་ཤིན་ཏུ་འཇིགས་ཏེ་རིག་པ་ཕྱད་མ་ཕྱོད་བར་དོའི་འཇིགས་སྣང་གིས་རྐྱེན་བྱས་ཏེ་དགུང་ལོ་བཅུ་གསུམ་གྱི་བར་དུ་སྨྱོ་བའི་ཚུལ་དུ་གནས་སོ། །དུས་གཏན་ཏུ་ངུ་ནས་སྨྲེ་ངག་འདོན་ཏེ་སྡེ་པའི་གྲོང་དུ་རྒྱུག་སྟེ་གལ་ཕྱམ་ཁང་ཕྱམ་ལ་ཐོགས་ཆགས་མེད། གཉེན་འབྲེལ་གྱིས་གདོན་ཞུགས་ཏེ་སྨྱོན་པ་ཡིན་པ་སྐད། མོ་འདེབས་གཏོ་བྱེད་འགྱོད་པ་ཤིན་ཏུ་ཆེ་བར་སྣང་། གྲོང་པའི་མི་ཀུན་གྱིས་ཚིག་ཟེར་བ་ལ། ཨ་མ་མ་བུ་གཅིག་བས་མེད་པས། ནོར་མ་བརྩི་ལ་གཏོ་འབུངས་ཤིག མི་ཡོད་ན་ནོར་མེད་པ་བློ་གཅིག་རེད་པ་སྐད་ཟེར། བདག་གིས་སྨྱོ་བ་མ་ཡིན་གྱི་བདེན་ཚིག་སྨྲས་པས་གདོན་གྱི་ཚིག་ཡིན་པས་ཉན་རྒྱུ་མེད་ཟེར། ཁོ་བོ་ནི་ཁོང་དུ་ངོ་མཚར་སྐྱེས་སྟེ་དགོད་བྲོ་བས་སོ། ། སྐབས་རེ་ན། ཚང་རྒྱུང་གི་འཇིག་རྟེན་གྲངས་མེད་པར་གསལ་ཏེ། རང་རིག་གཏད་མེད་ཕྱོད་སང་ལ་ཉིན་ཞག་རེ་ཙམ་ཡེངས་ཏེ། ངོས་ཀྱིས་ཟིན་པའི་ཚེ་སྐྱི་ཤ་འཇིགས་པས་ཤ་རུས་བྱེ་བ་ཙམ་གྱི་སྙིང་རྗེ་ཆེན་པོ་སྐྱེས། སྐབས་རེ་ཕྱིའི་ཡུལ་སྣང་ཞི་རྒྱས་དབང་དྲག་གི་ཕོ་བྲང་དཀྱིལ་འཁོར་ལྷ་ཚོགས་ཀྱི་རང་བཞིན་དུ་འཆར། བློ་བྱེད་ཀྱི་དག་སྣང་མ་ཡིན་བས་༼པ༽ཤུགས་འབྱུང་གི་དད་པ་ཆེན་པོ་རྒྱུད་ལ་སྐྱེས་པའོ། །རྒྱུད་ལ་བག་ཆགས་དང་དྲི་མ་མེད་པའི་ཕྱིར་སྣང་བ་རང་བཞིན་གྱིས་དག་སྟེ་རིག་འཛིན་མ་རྒྱུད་ལ་སོགས་ཡི་དམ་གྱི་ལྷ་ཚོགས་ཞལ་གྲངས་མང་དུ་གཟིགས། བོན་སྤྱོད་ཕྲིན་ལས་རྣམ་བཞིའི་ལེའུ་སྐབས་རེ་ཙམ་རང་བཞིན་གྱིས་གྱེར་བ་དང་། ལྟ་ཚིག་འཐར་འཐོར་གྱི་མགུར་མང་དུ་ལེན་ཏེ་ཁྱིམ་མཚེས་ན་ཆུང་རྩེད་གྲོགས་ཀུན་ལ་ཁྲིད་སྟོན་ཚུལ་བྱེད་དེ་དགེ་སྦྱོར་གྱི་བརྡ་སྟོན་པའོ། །ཕ་མའི་ནོར་རྫས་བརྐུས་ནས་རྩེད་གྲོགས་ཀུན་ལ་འགྱེད། སྡེ་མི་ཀུན་གྱིས་ཡ་ཁ་འཇོག་སྟེ་སྙིང་རྗེ་མེད་པའི་དཔེ་རུ་བྱེད། ལ་ལས་ཟེར་ན་འདི་གཞན་དང་སྤྱོད་པ་མི་འདྲ་བས་དགེ་བྱེད་བ་ཁྱད་པར་ཅན་ཞིག་འབྱུང་བར་སྲིད་དམ་ཟེར། ལ་ལས་ཟེར་ན་གཞན་ན་སོ་མཉམ་པ་ལ་ཚོད་བཞག་སྟེ་ངན་པའི་དཔེ་བྱེད། སྡེ་པ་དང་གཉེན་འབྲེལ་ཀུན་གྱིས་ཟེར་བ་ལ། ཕ་ཁུ་བཟང་རྒྱུད་ལ་འདི་འདྲ་བ་སྙིང་མེད་པས། རང་གི་ཆུས་བསྒྲུབ་མི་ཤེས་པ་ཅི་ཉན་སྐད་ཟེར་བའོ། །གཉེན་འབྲེལ་གྱིས་བདག་ལ་མི་གདུང་ཅིང་ལོད་པའི་ཕྱིར་དུ་ལོ་བཅོ་བརྒྱད་ཀྱི་དུས་ཆགས་མེད་ཀྱི་རྟུལ་ཤུགས་ཀྱི་སྤྱོད་པ་ཅི་རིགས་སུ་བྱས་ཏེ་ཉེར་གཉིས་ལ་ཕ་ཡུལ་སྤངས་ཏེ། རང་ཕན་བདེ་ཆེན་འབྲས་བུ་གདེངས་ཐོབ་པ་གཞན་ཕན་ཐུགས་རྗེས་ཚད་མེད་བཞི་དང་ལྡན། སྐྱེ་གནས་འདི་ཉིད་དུ་གཉེན་འབྲེལ་གྱི་སྣང་བ་མི་དགའ་བ་བྱས་ཀྱང་བདག་གཞན་གཉིས་ཀྱི་ཕུང་པོ་འདི་དང་བྲལ་མ་ཐག་ཏུ་གཉེན་དང་འབྲེལ་གྱུར་ཡོངས་ཀྱི་སྣང་བ་འདུལ་ཐབས་ལ། ཆགས་མེད་རྟུལ་ཤུགས་ཀྱི་སྤྱོད་པ་སྣ་ཚོགས་སུ་མཛད་དེ། གཉེན་གྱི་མི་དགེ་བའི་སེམས་སྐྱེས་བྱང་ཆུབ་ཐོབ་པའི་ཕྱིར་དུ་ཡིན་པས་འགལ་བ་མེད། དེ་ལྟར་གོང་དུ་སྟོན་༼བསྟན་༽པ་དེ་ཉིད་ཀྱི་༼ ནི ༽སྐྱེ་གནས་འདི་ཡི་རྣམ་ཐར་ཟུར་ཙམ་ཡིན་པས། ཞིབ་རྒྱས་སུ་སྤྲོས་ན་གྲངས་མང་ཡང་འདི་རུ་ཟུར་ཙམ་ཡིན། ཞེས་གསུངས། བླ་མ་འདི་ཉིད་ཐོས་བསམ་སྦྱངས་ནས་བླ་མ་བསྟེན་པའི་ལོ་རྒྱུས་གསལ་པོ་མེད་ཀྱང་སྐུ་ཚེ་སྔ་མ་རྣམས་སུ་སྦྱངས་པའི་ལས་འཕྲོ་སྐུ་ཚེ་འདི་ཉིད་ལ་སད་པ་ནི། ཁོ་རང་ཉིད་ཀྱི་གསུངས་ལས་སྔ་མ་ནས་ལམ་གྲངས་མེད་སྦྱངས་པས་དེང་སང་ཆུང་ངུ་བྱི་བའི་༼སྦའི༽དུས་ནས་རང་ངོ་ཤེས་པའོ། ། སྔ་མ་ནས་ལམ་ཐེག་ཆེན་ལ་གྲངས་མེད་སྦྱོང་སྟེ། དེས་ཕྱིར་དུ་ཆུང་ནས་ཐེག་ཆེན་མཇལ། རྒྱུད་ལ་བག་ཆགས་མེད་པའི་ཕྱིར་དུ་བློ་བྲལ་འཁྲུལ་མེད་ཀྱི་ཤེས་རབ་རང་བཞིན་དུ་གྲོལ། བདེན་པ་ངོས་འཛིན་བྲལ་ཏེ་འདི་ལྟར་གྱི་སྣང་བ་སྒྱུ་མར་རྟོགས་པས། རྗེས་འབྲེང་གི་དོན་དུ་སྐྱེ་ཤི་འཇིགས་པའི་ཚུལ་དུ་སྟོན་ཏེ། ཚེ་འདི་ཡི་སྣང་བ་རྒྱབ་ཏུ་བོར་བདག་དང་གཞན་དགྲ་དང་གཉེན་ངོ་མི་ཤེས་ཏེ་ཆགས་སྡང་བྲལ་བ་ཞེ་འདོད་ཟད་པས་གཟུང་འཛིན་མདུད་པ་གྲོལ། ཕྱི་ཡུལ་ལ་འདོད་པ་མེད།  ནང་སེམས་ལ་འཛིན་པ་བྲལ།  འཁྲུལ་སྣང་བག་ཆགས་ཀྱི་རྨི་ལམ་ནི་དབྱིངས་ལ་སངས། ཉོན་མོངས་རྣམ་རྟོག་གི་ཐ་རམ་ནི་གཞི་ལ་ཞིག  བརྩོན་འགྲུས་བྱས་པ་མ་ཡིན་ཀྱང་བློ་རྩོལ་བྲལ་གྱི་གནས་ལུགས་མངོན་དུ་གྱུར། སྙིགས་མ་འགྱུ་བྱེད་ཀྱི་རྟོག་འཛིན་ཆེད་ཀྱི་སྤང་བ་མ་ཡིན་ཀྱང་དྭངས་མ་རྟོག་བྲལ་གྱི་ཡེ་ཤེས་ལ་རྒྱུན་ཆད་མེད། མ་བགྲོད་པས་ས་ལམ་རྣམས་དབྱེར་མེད་གཅིག་ཏུ་རྫོགས།  དོན་རྟོགས་མ་རྟོགས་སྙམ་པའི་སྙམ་བྱེད་བྲལ་བས། ཡར་སངས་རྒྱས་ལ་རེ་བ་མེད། མར་ངན་སོང་ལ་འཇིགས་དགོས་མེད། བྱང་ཆུབ་སེམས་ཉིད་དམིགས་མེད་པའི་ཉག་གཅིག་ལ་གདེང་པ་ཐོབ་པས། འཁོར་འདས་ཀྱི་བོན་བདེན་མེད་དུ་ཟད། རང་འབྱུང་རིག་པའི་ཡེ་ཤེས་རྟོག་བྲལ་གྱི་ངོ་བོ་དུས་གཏན་ནས་མི་གཡོ་ཡང་།  དོན་འདི་ཡོད་ཀྱི་ང་སེམས་རློམ་པ་མེད། དུ་མ་བློའི་བྱེ་བྲལ་བསམ་འདས་ཉག་གཅིག་གི་ངང་ལ་ཐིམ་ནས།  ཕར་སྤྲོས་ཚུར་བསྡུས་ཀྱི་མཚན་མ་དག་སྟེ་སྤྲོས་བྲལ་ནམ་མཁའ་གཡའ་དག་པ་ལྟ་བུ་ལ་གནས། སྒོམ་ཡོད་དམིགས་གཏད་ཀྱི་ངོས་འཛིན་ཡང་སྒོམ་མེད་རྩལ་བྲལ་གྱི་ངོས་འཛིན་དབྱིངས་ལ་ཟད་པ། བདེ་ཉམས་དང་གསལ་ཉམས་དང་སྟོང་གསལ་ཉམས་ལ་སོགས་ཀྱང་ཀུན་སྙོམ་སེམས་ཀྱི་དབྱིངས་མཁའ་ལ་ཐིམ་སྟེ་ཡལ། ཕྱིའི་ཡུལ་སྣང་དང་འཁོར་འདས་ཀྱི་བོན་རྣམས་ལ་བཟང་ངན་ཡོད་མེད་ཀྱི་ངོས་འཛིན་མེད་ཅིང་བྱེ་བྲག་སོ་སོ་རུ་ཤན་དབྱེར་མེད་དེ་བདག་མེད་ཀྱི་ངང་ལ་རོ་མཉམ་དུ་གྱུར། བློ་བྲལ་འགག་མེད་ཀྱི་ཡེ་ཤེས་ནི་མི་མཁྱེན་བྱ་བ་ཏིལ་གྱི་འབྲུ་ཙམ་ཡང་མེད། ཡོན་ཏན་འདོད་བཞིན་བཙལ་བ་མ་ཡིན་ཀྱང་རང་བཞིན་གྱིས་སེམས་རྒྱུད་ལ་འཁྲུལ་པ་མི་མངའ། སྒོམ་ལམ་ལ་མ་ཞུགས་ཀྱང་འབྲས་བུ་སྐུ་གསུམ་མངོན་གྱུར་གྱི་དགོངས་པ་ཐོབ་པའོ། ། ལམ་བརྩོན་འགྲུས་ཀྱིས་བསྒྲུབ་པ་ལ་མ་བསྒུག་ཀྱང་རིག་འཛིན་སེམས་དཔའ་རྣམས་དང་དུས་གཏན་མཇལ་ནས་ཐེག་པ་མཉམ་པོའི་ཚུལ་དུ་གྲལ་མཉམ་གྲལ་དུ་བྱའོ། ། ཕྱི་ཚིག་གི་སྒྲོ་འདོགས་མ་བསླབ་ཀྱང་ཐེག་སྒོ་དང་བཀའ་རྒྱུད་མ་ལུས་པ་ཐུགས་ལ་མངའ་བའོ། ། བློ་རྩོལ་བས་གནས་ལུགས་ལ་ལྟ་རྟོགས་མ་བྱས་ཀྱང་སྣང་མེད་དཔེ་ལས་འདས་པའི་སེམས་ཉིད་ཀྱི་སྙིང་པོ་མངོན་དུ་མཐོང་སྟེ་ཀུན་གསལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན། ཤེས་པ་སྙམ་པའི་ངོས་འཛིན་མེད་ཀྱང་མངོན་པར་ཤེས་པ་ཅི་རིགས་སུ་གསལ། གནས་ངན་མི་ཡི་ཡུལ་དུ་སྐྱེ་བ་བཞེས་ཏེ་མ་སྤངས་ཀྱང་སྐྱེ་རྒས་ན་འཆི་འཁོར་བའི་སྡུག་བསྔལ་ནི་བདེ་ཆེན་རྒྱལ་བའི་ཕྲིན་ལས་འཆར། ཅི་ཡང་ཤེས་པ་མེད་དེ་བློ་ལྡོག་བཞི་ལ་ཐིམ་པས་བཅོས་སུ་མེད་པར་ཐ་མལ་དང་འདྲ། ཕྱི་ཡུལ་རྐྱེན་གྱིས་བསྐུལ་བའི་ཚེ་ན་ཤེས་བྱའི་བོན་རྣམས་མི་མཁྱེན་བྱ་བ་མེད་པར་མ་རྨོངས་སོ་སོ་རུ་གསལ། ཕྱིའི་དྲོད་རྟགས་ཡོན་ཏན་ལ་ཞེ་འདོད་མེད་ཀྱང་ལུས་ཀྱི་དྲོད་ཚད་འབྱུང་བ་རང་དབང་ཐོབ། ངག་གི་དྲོད་ཚད་བོན་སྒོ་དུ་མར་འཆར་བ་དང་ནུས་པ་མེ་ལྟར་དུ་༼འབར་༽བ་དང་། སེམས་ཀྱི་དྲོད་ཚད་མངོན་པར་ཤེས་པ་སྣ་ཚོགས་དང་གཞན་རྒྱུད་སྒྲིབ་མེད་དུ་གཟིགས། ཕ་རོལ་གཞན་སྣང་གི་ཐད་ནས་ལུས་མི་གཟུགས་ཡིན་ཀྱང་ཡོན་ཏན་སངས་རྒྱས་ཀྱི་ཡོན་ཏན་ཐོབ་སྟེ། ལུས་འཁོར་བའི་ས་ལ་ཡོད་ཀྱང་སེམས་བོན་ཉིད་སྐུ་རུ་མངོན་དུ་གྱུར། ལུས་སེམས་ཅན་གྱི་གཟུགས་སུ་ཡིན་ཀྱང་རིག་པ་སྐུ་གསུམ་གྱི་རྩལ་རྫོགས། ལྟ་སྒོམ་ཐེག་པའི་རིམ་པ་གཅིག་ཏུ་ཟད་དེ་རིག་སྟོང་འདི་ཞེས་ཀྱི་དམིགས་ཡུལ་དང་བྲལ། སྐྱོན་དང་ཡོན་ཏན་ངོ་མི་ཤེས་ཏེ་སྤང་བླང་གི་དྲན་འཛིན་དང་བྲལ། ངང་གི་སྒོམ་པ་ཀློང་ལ་ཐིམ་སྟེ་འཁྲུལ་མེད་རང་འབྱུང་གི་ཡེ་ཤེས་རྒྱུན་ཆད་མེད། སྒོམ་འདི་ཞེས་ཀྱི་ངོ་བོ་དམིགས་གཏད་བྲལ་བས་རྟོགས་མ་རྟོགས་ཀྱི་དྲི་མ་གཞི་ལ་དག  དཔེ་འདི་ཞེས་ཀྱི་མཚོན་དུ་མེད་པས་རྟོགས་གྲོལ་ཚིག་གི་ཐ་སྙད་གང་ཡང་མི་འཇུག ཚེ་འདི་ཉིད་ལ་ལམ་གྱི་སྒྲུབ་པ་པོ་མ་ཡིན་པས་འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་ནི་སྐྱེ་བ་གོང་ནས་ཐོབ་སྟེ་དུས་དེང་སང་གཞན་དོན་ཁོ་ན་ལ་དགོངས་ཏེ་བྱོན་པའོ། ། འཕྲལ་རྐྱེན་སློབ་དཔོན་དང་བཀའ་ལ་མ་བརྟེན་ནས་ཐུགས་ཉིད་ཟག་མེད་ཀྱི་དགོངས་པ་ནི་ཚེ་འདི་ལ་ཉམས་རྟོགས་ཤར་བ་མ་ཡིན་ཏེ་སྐྱེ་བ་གོང་ནས་མངོན་གྱུར་གྱི་དགོངས་པ་རྒྱུད་ལ་གནས། ཉམས་རྟོགས་ཤར་བའི་ཚུལ་བསྟན་པ་ནི་སེམས་ཅན་གཞན་འདུལ་བའི་ཐབས་བདག་རྒྱུད་ནི་སྐྱེ་བ་གོང་ནས་གྲོལ་འཁྲུལ་གྱི་དྲི་མ་མི་འགོས་ཏེ་མངལ་གྱི་ལྷུམས་ནས་ཀྱང་མ་སྒྲིབ་པའོ། །  ཞེས་གསུངས།  ཁོང་ཉིད་ས་ཐོབ་སེམས་དཔའ་བསྟན་དང་འགྲོ་བའི་དོན་དུ་དངོས་སུ་བྱོན་པ་ནི། ཐོག་འབེབས་འགྲེལ་ལས་གསལ། རྗེ་བཙུན་ཆེན་པོ་འདི་ཉིད་ཀྱིས་བླ་མ་བསྟེན་ཚུལ་གསལ་པོ་མེད་ཀྱང་། ཐོག་འབེབས་འགྲེལ་ལས། རྒྱལ་སྲས་སྟོང་རྒྱུང་མཐུ་ཆེན། སྙ་ལི་ཤུ་སྟག་རིང་། བླ་བོན་དྲན་པ་ནམ་མཁའ་ཡན་ཆད་ཀྱི་བླ་མ་གྲངས་མང་བ་རིག་འཛིན་རྗེ་བཙུན་ཚེ་དབང་རི་ཁྲོད་ཆེན་པོ། དབྱིལ་སྟོན་ཁྱུང་རྒོད། མར་སྟོན་རྒྱལ་ལེགས། གནམ་མཚོ་དོ་པ། བོན་ཞིག་ཁྱུང་ནག་ལ་སོགས་བོན་གྱི་གྲུབ་ཐོབ་གྲངས་མང་བ་དང་སྔོན་ནས་འབྲེལ་བ་ཟབ། དུས་འདིར་ཡང་མཇལ་བའོ། །ཞེས་གསུངས་པ་རྣམས་ནི། ལུང་བོན་ལྷ་གཉེན་གྱིས་རྗེ་ཚེ་དབང་རི་ཁྲོད་པ་དང་མཇལ་བ་དང་། རྨ་སྟོན་སྲིད་འཛིན་གྱེར་མི་ཉི་འོད་དང་མཇལ་བ། གཤེན་སྲས་ལྷ་རྗེ་རིག་འཛིན་རྣམས་དང་མཇལ་བ་ལྟ་བུ་ཡིན་ནམ་སྙམ། དབྱིལ་སྟོན་ཁྱུང་རྒོད་མར་སྟོན་རྒྱལ་ལེགས་གནམ་མཚོ་དོ་པ་བོན་ཞིག་ཁྱུང་ནག་སོགས་དང་མཇལ་ཞེས་པ་ནི། རྗེ་བཙུན་ཁོང་ཉིད་རབ་བྱུང་ལྔ་པའི་ནང་བྱོན་པའི་དབང་དུ་བཏང་ན། ཁོང་རྣམས་བྱོན་པའི་རབ་བྱུང་གཉིས་པ་དང་གསུམ་པའི་སྐབས་ཡིན། ལོ་གྲངས་སོགས་མི་འགྲིགས་པ་ལྟ་བུ་སྣང་ཡང་། དེ་ནི་དཔེར་ན་གཤེན་སྲས་ལྷ་རྗེ་དང་དགོངས་མཛོད་རི་ཁྲོད་ཆེན་པོ་དང་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་དང་མཇལ་བ་ལྟ་བུ་ཡིན་ནམ་སྙམ། ཐོག་འབེབས་གོང་མའི་འགྲེལ་ལས། ཚེ་འདི་ཡི་གོང་ནས་སྐྱེ་བ་བདུན་ལ་བོད་ཡུལ་དུ་སྐུ་སྐྱེ་བ་བཞེས་ཚུལ་སྟོན་ཏེ། ཕྱི་ལྟར་ན་གང་ཟག་སྒྲུབ་བོན་ཚུལ་དུ་རྗེ་བཙུན་དང་དཔོན་སློབ་ཀྱི་ཚུལ་དུ་འགྲོགས། ནང་ལྟར་ན་མངོན་གྱུར་ལྟ་བའི་རྒྱལ་པོ་འཁྲུལ་ཞིག་རྣལ་འབྱོར་དང་རྗེ་བཙུན་དང་གྲོགས་མཆེད་ཀྱི་ཚུལ་དུ། གསང་བ་ལྟར་ན་ཚེ་དབང་ཐུགས་ཀྱི་སྤྲུལ་པ་འགྲོ་བའི་དོན་ཁོ་ན་ལ་དགོངས་པ་རྗེ་བཙུན་དང་དབྱེར་མེད་ཚུལ་ལོ། །དུས་འདི་ཉིད་ནམ་ཡང་བརྩོན་འགྲུས་ཀྱིས་བསྒྲུབ་པ་མ་ཡིན་ཏེ་དངོས་སུ་རྣལ་འབྱོར་དང་དྲང་སྲོང་སྤྲང་གཟུགས་ལོག་༼ལ་སོགས་༽བརྫུས་ནས། ཉེར་ལྔ་ལོན་པའི་དུས་སུ་དབལ་རོང་ནས་བཀའ་བབས་ཏེ། ཞེས་དང་། ཚེ་ལོ་བརྒྱ་པའི་དུས་ནས་དམུ་གཤེན་དྲན་པ་ལ་ཀུན་བཟང་འོད་དཀར་གནས་འཛིན་གྱིས་བརྡ་སྟོན་ཏེ། ཐུགས་ལ་རང་བྱུང་གི་འཕྲུལ་ཡིག་བཀྲ་བས་རྫོགས་ཆེན་ལྟ་བའི་ལུང་ལ་མངའ་བརྙེས་ཏེ་བསྟན་པ་དར་རྒྱས་སུ་སྤེལ། དེ་ནས་དུས་ལ་བབས་ཚེ་ཟབ་པ་ཤོག་གཅིག་གཏེར་དུ་སྦས་འདི་ཉིད་ནི་སྲས་ལ་བཀའ་བབས་སུ་བཞག  ལྔ་བརྒྱའི་དུས་འདི་རྗེ་བཙུན་གསང་གཏམ་ཡིན། ཞེས་དང་། ཡང་སྔ་མ་ལས། སྙན་རྒྱུད་ནི། རྗེ་ཚེ་དབང་གིས་ཚིག་དོན་ཆད་ལྷག་མེད་པ་བདག་ལ་སྙན་དུ་བརྒྱུད་པའི་དོན། ཞེས་པས། རྗེ་ཚེ་དབང་རིག་འཛིན་གྱིས་ཁོང་ཉིད་ལ་རྫོགས་ཆེན་ལྟ་བ་ཐོག་འབེབས་སྙན་དུ་བརྒྱུད་ཅིང་། སྔ་མ་ལས། ལོ་ལྔ་བཀའ་རྒྱ་ཡོད་ཀྱང་གཞན་དོན་ལ་དགོངས་ནས་ལོ་བཞིར་ལོན་ནས་སྤེལ་བས་ཅུང་ཞིག་ཚེ་ལ་གཟན་པ་ཡོད་ཀྱང་འགྱོད་པ་མ་ཡིན་གསུངས་སོ། ། རྗེ་འདི་ཉིད་བཞུགས་ཡུལ་དང་བསྒྲུབ་གནས་སོགས་ངེས་པ་མེད་ཀྱང་ཁྱད་པར་གཙང་སྟོད་དབལ་རོང་ནས་བཀའ་བབས་ཞེས་པ་ནི་དབལ་རོང་དུ་བཞུགས་དུས་རྫོགས་ཆེན་ལྟ་བ་ཐོག་འབེབས་སྙན་དུ་བརྒྱུད་པ་ཡིན་ནམ་སྙམ། བོན་གྱི་འདུ་གན ས་སོ་བདུན་གྱི་ནང་ཚན་གནམ་མཚོ་ཕྱུག་མོ་རུ་བཞུགས་དུས་ཚེ་དབང་གིས་ཚེ་དབང་སྨོན་ལམ་སྙན་དུ་བརྒྱུད་གསུངས།  གསུམ་པ་དབྱིངས་སུ་མྱ་ངན་འདས་ཚུལ་ནི། སྐུ་ཚེ་ཡང་མཁན་ཆེན་བསོད་ནམས་བློ་གྲོས་ཀྱི་རྣམ་ཐར་ལས། སྟོད་སྨད་ཀུན་ལ་ཕེབས་ནས་འགྲོ་བ་གྲངས་མེད་འདྲེན་པར་མཛད་དོ། ། དགུང་ལོ་བརྒྱད་ཅུ་ནས་དགོངས་པ་བོན་ཉིད་གཤེགས་སོང་། ཞེས་གསུངས་སོ། ། ཁོང་ཉིད་ཀྱི་སྙན་བརྒྱུད་སྐོར་ལ། རྫོགས་ཆེན་ལྟ་བ་ཐོག་འབེབས་ཀྱི་གཞུང་ལེའུ་གོང་མའི་འགྲེལ། བར་མའི་འགྲེལ། འོག་མའི་འགྲེལ། སྔོན་འགྲོ་རིན་ཆེན་ཐེམ་སྐས། བརྡ་ཐབས་གསང་བའི་ཡང་ཐེམ། ཚེ་དབང་ལམ་ལྷ། ཚེ་དབང་སྨོན་ལམ་སོགས་ཡོད། ལེགས་བཤད་མཛོད་ལས། གསང་འདུས་ཁྱུང་སྤྲུལ་སད་སྲུང་གི་སྐོར། གསང་སྔགས་ཕྱི་ནང་གསང་གསུམ་དྲང་མཁན་ལ་སོགས་མང་པོ་ཡོད་པར་བཤད།།                    

                                      རིག་འཛིན་གྲུབ་ཆེན་རྒྱུ་སྐར་ཕྲེང་བའི་ཁྲོད། །

རྟ་བདུན་ཇི་བཞིན་མངོན་པར་ཆེས་འཕགས་པའི། །

ཚེ་དབང་རིག་འཛིན་སླར་ཡང་བྱོན་པ་ཉིད། །

སྐྱབས་གཅིག་རྗེ་བཙུན་ཆེན་པོ་དེང་འདིར་དྲན། །

གསང་ཆེན་ཡང་རྩེའི་དགོངས་པ་མངོན་གྱུར་པའི། །

མཁས་གྲུབ་ས་ཡི་རྡུལ་སྙེད་བྱོན་མོད་ཀྱང་། །

ཇི་བཞིན་མཐའ་བྲལ་ལྟ་བའི་དོན་རྟོགས་པ། །

གངས་རིའི་ཞིང་ན་སྐྱེས་མཆོག་ཁྱེད་ཉིད་ཙམ། །

གང་དེའི་གསང་གསུམ་ཡོན་ཏན་རྒྱ་མཚོའི་འཇིང་། །

བདག་བློ་དད་པའི་རྟེན་དུ་ཆུ་ཐིགས་ཙམ། །

ཉིད་ཀྱི་སྙན་བརྒྱུད་ཐོག་བབས་ལས་བཏུས་ཀྱང་། 

 སྡེབ་ཉེས་ནོར་འཁྲུལ་གང་བྱུང་ཉིད་ལ་བཤགས། །

                                                         རྩོམ་འདི་༼བོན་གཤེན་བསྭོ་སྒྲ་ལས་དྲངས། ༽

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.