བོན་གྱི་དྲིས་ལན་དྲ་མཛོད་ཨེ་མ་ཧོ།
བོན་འདི་འཁོར་འདས་ཤེས་བྱའི་འདུས་སོ་སྟེ།།
སེམས་ཉིད་ལྟ་བའི་གཤིས་ཕུགས་འདི་ལ་རྫོགས།།
བོན་འདི་ལོ་རྒྱུས་ཚད་མའི་མགོ་ཁུངས་ཏེ།།
ཁྲི་ཕྲག་གླེགས་བམ་བགྲང་བ་འདི་རང་སྣང་།།
བོན་འདི་གངས་ཅན་བོད་མིའི་ཆོས་སྐལ་ཏེ།།
ཁྲི་བདུན་གནམ་གྱི་རྒྱལ་པོའི་ཐུགས་དམ་ཡིན།།
བོན་འདི་མཐོ་སྒང་འཚོ་བའི་ཡང་ཞུན་ཏེ།།
སྤུ་རྒྱལ་བླ་ཡིད་སྲོག་གསུམ་འདི་དང་འདྲེས།།
བོན་འདི་ཡོངས་ཀྱིས་བཀུར་བའི་རྗེ་བོ་སྟེ།།
འཛམ་གླིང་གཟུ་དཔང་ཀུན་གྱིས་འདི་ལ་བསྟོད།།
བོན་འདི་ཀུན་ཡིད་འཕྲོག་པའི་བཙུན་མོ་སྟེ།།
ཁྱིམ་མཚེས་གྲུབ་ཐོབ་ཐུགས་སེམས་འདི་ཡིས་བརྐུས།།
དེང་རབས་ཚན་རྩལ་རིག་པའི་དཔུང་སྡོང་སྟེ།།
བོན་གྱི་ཡིན་ཚུལ་ངོ་མ་འདི་ཡིན་ཞེས།།
འཛམ་གླིང་དཔྱོད་ལྡན་སྟོང་གི་མདུན་ས་རུ།།
བདེན་བདར་དྲིས་ལན་དྲ་མཛོད་ཨེ་མ་རྨད།།
འཕྲིན་ལས་འདི་ཉིད་གཉུག་རིང་གནས་པ་ཡི།།
ཚེ་རྫི་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་མཛོད།།
སྲི་ཞུ་འདི་ཉིད་འཕེལ་ཁ་མགྱོགས་པ་ཡི།།
དཔལ་གྲགས་སྒྲ་བླའི་དཔུང་གིས་སྐྱེད་ཅིག་ཀྱེ།།
༢༠༡༣།༣།༢༩