རྣམ་རྟོག་ཀློང་ལས་བརྡོལ་བའི་གླུ་རིང་། །
རྡོ་རྒོད
ཀུན་བཟང་སྣང་བ་དཀར་པོའི་རོལ་རྩལ་ལས་འཕོས་པའི། །
མཁའ་ལ་ལྡིང་པའི་རྒྱལ་པོ་ཁྱུང་ཆེན་གྱི་སྡེར་དྲོད། །
སྒོ་ངའི་དབྱིབས་སུ་འདྲིལ་བའི་སྙིང་པོ་ལས་བྱུང་བས། །
དམ་པ་ཁྱུང་ཞེས་བསྔགས་པའི་མི་རབས་ལ་འདུད་དོ།།
སྨན་རིའི་མཁན་སློབ་ཟུང་གི་ཐུགས་ཀློང་དུ་འཁྱིལ་བའི། །
གདམས་དོན་བདུད་རྩིའི་ཐིགས་པ་ཡང་ཡང་དུ་བྲན་ཏེ། །
རྨོངས་པའི་ཐལ་རྡུལ་འཚུབ་པའི་ཡིད་ཆད་དེ་བཀྲུས་ནས། །
སྒོ་གསུམ་སྣུམ་པོར་གྱུར་པའི་བཤེས་གཉེན་གྱི་དྲིན་ལས། །
ཤེས་ཡོན་མཁའ་མཐའ་བརྒལ་བའི་མཁས་པ་ནི་མིན་ཞིང་། །
ཉིན་མཚན་གཉིད་དུ་ཡུར་བའི་བླུན་རྒན་ཡང་མིན་ལ། །
ཁྲི་དང་སྒོར་མོར་རྔམ་པའི་ཆགས་སྲེད་ཅན་གལ་གལ། །
སྔོན་དམར་གོས་ལག་འོག་གི་འདུལ་འཛིན་གྲས་ཐེ་འོ། །
འོན་ཀྱང་རྩ་ལག་སྡོམ་པ་འགལ་མེད་ཅིག་མིན་ལ། །
བདེ་སྟོང་རྟོགས་པ་འབར་བའི་རྣལ་འབྱོར་པ་མ་ཡིན། །
གསང་སྔགས་ཁ་གཡར་བྱེད་པའི་སྨྱོ་སྤྱོད་པ་གལ་གལ། །
ལྷ་མི་ཡང་དག་ཕྱོགས་པའི་དགེ་སྦྱོང་བར་འདུས་སོ། །
ཤར་གྱི་ཉི་མས་ཕྱེད་པའི་ཨུད་དཔལ་ནི་མིན་ལ། །
ནུབ་ཀྱི་ཟླ་བར་དུང་བའི་ཀུན་ད་ཡང་མ་ཡིན། །
ཕྱི་མཛེས་ནང་བརླན་བྲལ་བའི་འགྱིག་རྫས་ནི་གལ་གལ། །
དབྱར་དགུན་གང་དུ་སྔོ་བའི་ལྷ་ཤུག་གི་ཡལ་ག །
ཁྲག་གི་ཟིལ་པས་སྦག་པའི་དར་ཐུམ་འོག་མེད་ལ། །
གཡུ་ཡི་རལ་པ་འཕྱང་བའི་སྡེར་ཁྱིམ་ཏུ་མ་ཚུད། །
མི་སྲུན་གཤེད་མར་གྲགས་པའི་འདྲེ་ལག་ཏུ་གལ་གལ། །
རྐང་གསུམ་འགྲོས་མགྱོགས་ཅན་གྱི་ཕྱི་ཤ་ན་འཐོགས་སོང་། །
བཙན་གྱིས་ཕྱི་རུ་ཕུད་ཀྱང་ནང་དབུགས་ནི་མ་ཆད། །
ནང་གི་བླ་སྲོག་འབྲེལ་ཡང་ནང་མིའི་གྲལ་མ་ཚུད། །
ལྐོག་ནས་གཡོ་ཐབས་ཀྱིས་བསུས་མག་པ་ནི་གལ་གལ། །
འབྱུང་ལྔའི་བརྡ་དར་སྒྲེང་བའི་ཨ་མྱེ་ཡི་རིགས་རྒྱུད། །
དབྱར་གསུམ་དྲོད་ཁོལ་འཁྱིལ་བའི་འཐེན་ཆུ་ཡང་མིན་ལ། །
དགུན་གསུམ་འཁྱགས་རུམ་ཚུད་པའི་འབབ་ཆུ་ཡང་མ་ཡིན། །
མི་གཙང་གཤེར་ཁུ་འདྲེས་པའི་བཙོག་ཆུ་ནི་གལ་གལ། །
མ་དྲོས་ལུ་མར་འཁྱིལ་བའི་ལྷ་ཆབ་ཀྱི་རྒྱུན་བཟང་། །
བསྟན་ལ་གཤེ་སྐུར་འདེབས་པའི་རྟོག་སད་པ་མིན་ལ། །
ཁོང་ལ་ཕྲག་དོག་ལངས་པའི་སེམས་ཆུང་ཞིག་མ་ཡིན། །
གཞན་རྗེས་གཡམ་ལ་རྒྱུག་པའི་མདོ་མེད་ནི་གལ་གལ། །
དྲན་འཆར་སོ་མ་བཞུར་བའི་སྨྱུ་གུ་ཡི་འགྲོས་སྟབས། །
ཧྲིག་གེའི་དྲན་རིག་གྲོལ་བའི་ཀློང་སྒོམ་པ་མིན་ལ། །
གསལ་མེད་ནག་ཐུམ་སོང་བའི་བརྒྱལ་བ་ནི་མ་ཡིན། །
དྲན་རྟོག་ཉ་མོ་སྒུག་པའི་ཆུ་སྐྱར་ནི་གལ་གལ། །
ཅི་དྲན་འཁྱུག་འཁྱུག་འབྲི་བའི་རང་བཞིན་གྱི་གཤིས་ཀ །
ངག་རིག་སྒྱུ་རྩལ་དབང་འབྱོར་སྙན་མིང་པ་མིན་ལ། །
ལྷུན་གྲུབ་སྣང་སྒོ་བྱེ་བའི་མགུར་པ་ཡང་མ་ཡིན། །
འབྲེལ་མེད་ལད་ཟློས་སྨྲ་བའི་བླ་ཅོལ་ནི་གལ་གལ། །
རྣམ་རྟོག་ཀློང་ལས་བརྡོལ་བའི་གླུ་རིང་ཞིག་འཐེན་ཡོད། །