བོན་གྱི་ཞྭ་བཤད་དཀར་མོ་ལྷ་འབོད་ཅེས་བྱ་བ་བཞུགས་སོ།།
༼ཁྱུང་པོ་སྟེང་ཆེན་དགོན་པའི་༼གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་༽པོད་༼༢༣༽པ་༼གཙོ་མཆོག་དགྲ་བྲུབ༽སྐོར་ལས་དྲངས། ༽
བོན་གྱི་ཞྭ་བཤད་དཀར་མོ་ལྷ་འབོད་ཅེས་བྱ་བ་བཞུགས་སོ།།
སློབ་དཔོན་མཐུ་ཆེན་མི་དགུའི་ཞབས་ལ་འདུད། །
བསྭོ་་ ང་སྒྲུབ་གཤེན་སྔགས་འཆང་བདག་ཉིད་ཀྱི། །
མགོ་ལ་གྱོན་པའི་ཞྭ་མོ་འདི། །
བོན་ཞྭ་དཀར་མོ་རྩེ་རྒྱལ་ཡིན། །
བྱུང་ཡང་སྟག་གཟིག་ཡུལ་ནས་བྱུང་། །
མཛད་པ་སྟོང་རྒྱུང་མཐུ་ཆེན་གྱིས་མཛད། །
བཟོས་པ་ཞང་ཞུང་རྒྱལ་པོས་བཟོས། །
དར་བ་བོན་གྱི་ཡུལ་དུ་དར། །
བཟོ་རྒྱལ་ཀར་མ་ལི་ཤོ་ཡིས། །
བལ་འདབ་སུམ་བརྒྱ་དྲུག་ཅུ་ལ། །
ཡར་ཆབ་གཙང་པོ་ཆུ་ཡིས་བྲན། །
ཐབས་དང་ཤེས་རབ་བརྡ་ཡིས་བསླིང་། །
ཞྭ་དཔེ་རི་རྒྱལ་ལྷུན་པོ་ལ། །
མོན་རས་དཀར་པོའི་ཐབེས་སྦྱར། །
རྩེ་ལ་རྒྱལ་མཚན་འཛུགས་པ་དེ། །
བོན་མི་ནུབ་རྒྱལ་མཚན་འཛུགས་པའི་རྟགས། །
མགུར་དཀྲིས་དམར་པོ་བྱས་པ་དེ། །
རིག་པ་དམར་ཐག་ཆོད་པའི་རྟགས། །
ཞྭ་ཕུག་སྟོང་པ་ཡིན་པ་དེ། །
སེམས་ཉིད་སྟོང་པ་ཡིན་པའི་རྟགས། །
གཡས་གཡོན་ཁྱུང་གཤོག་ལྡིང་པ་དེ། །
སྤྱི་རྒྱ་རླབས་ཀྱིས་གཅོད་པའི་རྟགས། །
མདུན་དུ་ནོར་བུ་ཡོད་པ་དེ། །
དགོས་འདོད་ལྷུན་གྱིས་གྲུབ་པའི་རྟགས། །
དེ་ལ་མེ་ལོང་བརྒྱན་པ་ནི། །
ཁམས་གསུམ་མུན་པ་གསལ་བའི་རྟགས། །
དེ་འོག་གཡུང་དྲུང་ཡོད་པ་དེ། །
བོན་གཡུང་དྲུང་འགྱུར་བ་མེད་པའི་རྟགས། །
གཡས་གཡོན་དར་དཔྱང་འཐེན་པ་དེ། །
མ་མཁའ་འགྲོ་རྒྱུན་མེད་གནས་པའི་རྟགས། །
ཞྭ་མཐའ་འོབ་ཀྱིས་བརྒྱན་པ་དེ། །
ཁམས་གསུམ་དབང་དུ་འདུས་པའི་རྟགས། །
ཚེམ་བུ་ཞིབ་ཏུ་བྱས་པ་དེ། །
ལས་དགེ་སྡིག་ཞིབ་རྩིས་བྱེད་པའི་རྟགས། །
ཞྭ་མཐའ་ཡར་ལ་འགྱུར་བ་དེ། །
བོན་དར་མཐའ་ནས་དར་བའི་རྟགས། །
ཞྭ་མཐའ་ལྩགས་རི་བསྐོར་བ་དེ། །
སྡང་དགྲ་བོ་ལ་དམུ་གབ་བཀབ་པའི་རྟགས། །
མདུན་ནས་བལྟས་ན་རྒྱེ་བ་འདྲ། །
འཁོར་བ་ལ་ཞེན་པ་ལོག་པའི་རྟགས། །
རྒྱབ་ནས་བལྟས་ན་རྒུ་བ་འདྲ། །
ཕ་བླ་མ་ལ་མོས་གུས་བྱེད་པའི་རྟགས། །
གཡས་ནས་བལྟས་ན་ཞི་བ་འདྲ། །
ཞི་བ་ལྷུན་གྱིས་གྲུབ་པའི་རྟགས། །
གཡོན་ནས་བལྟས་ན་རྒྱས་པ་འདྲ། །
རྒྱས་པ་ཚེ་བསོད་རྒྱས་པའི་རྟགས། །
ཟུར་ནས་བལྟས་ན་ཁྲོ་བོ་འདྲ། །
ཁྲོ་བོ་བསྭོ་སྒྲ་སྒྲོགས་པའི་རྟགས། །
ཞི་རྒྱས་དབང་དྲག་བོན་ཞྭ་ཡིས། །
བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །
ཅེས་རྫོགས་སོ།།
ཁྱུང་པོ་སྟེང་ཆེན་དགོན་པའི་༼གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་༽པོད་༼༢༣༽པ་༼གཙོ་མཆོག་དགྲ་བྲུབ༽སྐོར་ལས་དྲངས། །
མཛད་བྱང་དངོས་སུ་མ་གསལ།
དཔེ་རྙིང་དུ་ཇི་ལྟར་ཡོད་པ་དེ་བཞིན་ལས་ཞུས་དག་བྱས་མེད།