རང་རིག་གིས་འདི་ལྟར་གསུངས།
ཀ་དག་ནམ་མཁའི་མདངས་སུ་རྟག་སྤྲིན་ཞུ། །
ལྷུན་གྲུབ་གཞའ་འོད་འཁྱིལ་པས་ཆད་ཡིད་འཕྲོག
གཉིས་མེད་དགོངས་པའི་སྙིང་པོ་ཇི་བཞིན་ཉིད། །
རྫོགས་ཆེན་གཞི་མཆོག་རང་རིག་ང་ཡིས་འདེགས། །
ཞེས་གསུངས།
ཐ་སྙད་སྣང་ངོར་ཀུན་རྫོབ་བདེན་པའི་མོད། །
མཉམ་བཞག་མྱོང་ངོར་དོན་དམ་ངང་གནས་ཞེས། །
བདེན་གཉིས་ཕུགས་ཐ་དད་པས་ཞལ་དབུ་མ། །
དོན་གྱི་དབུ་མ་རང་རིག་ང་ལས་སུ། །
ཞེས་གསུངས།
ལྔ་གསུམ་གཞུང་ལམ་སྦོམ་པོར་མ་བརྒྱུད་ཅིང་། །
ཡེ་གྲོལ་གཤིས་ཀྱི་མྱུར་ལམ་ཕྲ་མོའི་ཐོག །
རྐྱང་དེད་རིག་པའི་འགྲོས་སུ་རབ་བསྐྱོད་པའི། །
རང་རིག་གཡུ་རྟ་ཞོན་དང་གློག་བས་མགྱོགས། །
ཞེས་གསུངས།
འདི་ལྟར།
ཁྱོད་ཀྱིས་དང་པོ།
ཡིད་ཆེས་དང་དགའ་སྤྲོའི་དར་སྣ་ཕྱར།
དད་གཏོང་གི་སྒོ་མོ་རྔམ་གྱིས་ཕྱེས།
རང་རིག་གི་སྒྲོན་མེ་མེད་པའི་ལྷ་ཁང་ནང་།
སྐྱབས་གསོལ་སྨོན་པའི་དབྱངས་རྟས་བཀང་ཀྱང་།
ཁྱོད་ནི་སྔར་བཞིན་བར་ཆད་ལས་མི་རྒྱལ།
ཞེས་གསུངས།
ཡང་ཁྱོད་ཀྱིས་གཉིས་པ།
བརྩོན་སེམས་དང་སྤོབས་པའི་ཆབ་གཙང་འཐེན།
ཚགས་ཤོག་ངོས་སུ་རི་མོ་བྲིས།
དགའ་སྐྱོ་འདྲེས་མའི་ཉམས་འགྱུར་རྒོད་ཀྱང་།
རང་རིག་གི་སྒྱུ་རྩལ་མེད་པའི་སློབ་རའི་ཁྲོད།
ཁྱོད་ནི་སྔར་བཞིན་ལས་གཟེངས་རྟགས་མི་ལོན།
ཞེས་གསུངས།
ཡང་ཁྱོད་ཀྱིས་གསུམ་པ།
མཐུན་སྦྲེལ་གྱི་ཨ་ལོང་བསྐོན།
གཞན་ཕན་གྱི་སྙིང་གཏམ་མོད།
ཞུམ་མེད་དཔའ་ངར་གྱི་ཤེས་འཇོན་འཛོམས་ཀྱང་།
རང་རིག་གི་རྒྱབ་རྟེན་མེད་པའི་མགོ་འཛིན་འོག
ཁྱོད་སྔར་བཞིན་ལས་བདེན་ཁ་མི་ཐོབ།
ཞེས་གསུངས།
ཡང་ཁྱོད་ཀྱིས་བཞི་པ།
ཕུང་ལྔའི་འཚོགས་པ་གསེས།
ཆ་མེད་པའི་རང་གཟུགས་སུ་གཏུགས
ཡུལ་སྣང་ཡོད་ཚད་བག་ཆགས་དང་བསྡེབས།
བདག་མེད་ནམ་མཁའི་དབྱིངས་སུ་མགོ་བོ་གཟེངས།
ལས་འབྲས་གཞའ་གཟུགས་ཀྱི་སྣང་བ་ལ་བལྟས་ཀྱང་།
རང་རིག་གི་སྤྱན་མིག་ལོང་བའི་གྲུབ་འཛིན་ཁྲོད།
ཁྱོད་སྔར་བཞིན་ལས་སྐུ་གསུམ་ལྷུན་འགྲུབ་ཀྱི་ལྟད་མོ་མི་མྱོང་ཟེར།
ལགས་སོ།
འདི་འདྲའི་གདམས་དོན་ཁ་ཏ་མ་ཉན་ན།
བརྗོད་མེད་གཤིས་ཀྱི་བདེ་བ་མི་མྱོང་སྐད།
བསླབ་བྱ་སྙན་མོ་རྣ་བར་ཐོས་དྲགས་པས།
རང་རིག་ཡེ་ཤེས་ཁྱེད་ལ་སྨོན་པ་ཤོར།
ད་ནི་སྨོན་པ་དང་ཡིད་ཆེས། དགོད་སྒྲ་དང་རེ་བཞག ཡོད་ཚད་དང་ཡོད་ཚད་རང་རིག་ཁྱེད་ལ་བསྟབས་ཡོད། ཙི་ཏ་རིན་ཆེན་ཟླུམ་པོའི་དབུས་སྨག་བྲལ་འོད་ཁྱིམ་འཁྱིལ་པའི་ཀློང་ན་ཀུན་གསལ་རིག་པའི་རྒྱལ་ས་འཛིན་པའི་རང་རིག་ལགས། བདག་ལ་བརྩེ་གཟིགས་མཛོད་ཅིག་གུ།
༢༠༠༧