ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དོགས་འདྲི་ཐང་ལྷ་འཛུམ་ཤོར།
[ 2011/5/14 0:30:00 | By: Laozhuojueni ]
 

དོགས་འདྲི་ཐང་ལྷ་འཛུམ་ཤོར།

༡མཁས་གྲུབ་སྒ་སྟོན་རིན་པོ་ཆེའི་མཛོད་འགྲེལ་དུ་ལུང་ཁུངས་བྱས་པའི་རྩ་འགྲེལ་ཞེས་པ་འདི་ད་ཆ་མཇལ་ཡུལ་དུ་ཡོད་མེད་དང་། ༢དེ་ལས་བྱོན་པའི་གཤམ་གྱི་ལུང་ནང་གི་ས་ཚིགས་རྣམས་ད་ལྟའི་ས་བབ་རི་མོ་དང་གང་འདྲ་སྦྱར་དགོས་ཚུལ།

༼བླ་རི་གངས་དཀར་ཏི་སེ་དབུ་བཞུགས་བྱས་པའི་ཞང་ཞུང་དང་བོད། བོད་དང་བོད་ཆེན་པོ།  དེ་བཞིན་རྒྱ་ནག་དང་རྒྱ་གར་སོགས་ཀྱི་ལོ་རྒྱུས་སྒྲོས་གཙང་ཞིག་ཡོང་དགོས་ན། གོམ་པས་བགོམས་ཏེ་བྲིས་པའི་སྔོན་མའི་ལོ་རྒྱུས་ཀྱི་ཟིན་ཐོ་རུ་གསལ་བའི་ས་ཚིགས་དང་། འཕྲུལ་གྱིས་བསྐྱོད་པའི་ད་ལྟའི་འཛམ་གླིང་ཀྱི་ས་བབ་རི་མོ་གཉིས་འོས་འཚམས་ཀྱི་ཟུང་འབྲེལ་བྱས་ཏེ་འཆད་དགོས་པས་ན། ཕྲན་གྱིས་ཧི་བོན་ཟིན་གྲོགས་རྣམ་པའི་སྤྱན་ལམ་དུ་འདི་ལྟར་ཕུལ་བ་ལགས་ན་དེ་བཞིན་གསུངས་ལན་ཞིག་བཀའ་དྲིན་ཆེ། ༽

 

དཔལ་ལྡན་ཀོ་རྒྱལ་དགོན་ནས་དཔར་བསྐྲུན་གནང་བའི་༼སྒ་སྟོན་མཛོད་འགྲེལ༽ཤོག་གྲངས་༡༣༢་ལས།

 

རྩ་འགྲེལ་ལས། འཛམ་བུ་གླིང་ན་ཡུལ་ཆེན་བཅོ་བརྒྱད། ཡུལ་ཕྲན་དགུ་ཅུ་རྩ་གཅིག མཐའ་འཁོབ་སྟོང་དང་ལྔ་བརྒྱ་ཡོད་དོ།། ཡུལ་ཆེན་བཅོ་བརྒྱད་ནི། ཤར་དུ་རྒྱ་ནག་དང་ཁྲི་བརྟན་གཉིས། ལྷོ་ན་རྒྱ་གར་དང་ཁ་ཆེ། ནུབ་སྟག་སྡེ་དང་གཟིག་འཕན། བྱང་གེ་སར་དང་ཧོར་ཡུལ། དབུས་གནོད་སྦྱིན་གངས་ཀྱི་ར་བ་དང་དགུ། ཤར་རྒྱ་ནག་གི་མཐའ་ན་རྒྱ་མོ་ཁྱི་ཁྱོ་དང་ཐོད་དཀར་གཉིས། ལྷོ་རྒྱ་གར་གྱི་མཐའ་ན་གྱད་ཡུལ་དང་ཧུ་ན་གཉིས། ནུབ་སྟག་གཟིག་གི་མཐའ་ན་གེ་ལེ་དང་ཕུ་ན་གཉིས། བྱང་གེ་སར་གྱི་མཐའ་ན་སོག་པོ་དང་སྦལ་ཁ་གཉིས། ཟངས་གླིང་དང་གསེར་གླིང་ན་གནམ་གདོང་དང་དགུའོ།། ཡུལ་ཕྲན་དགུ་བཅུ་གཅིག་ནི།  ཀམ་པོ་རྗེ་དྲང་མིག་ཅན་དང་།  ཕྱེ་བོ་ཕྱག་གདོང་།  སྒུར་འགྲོ་མི་ལུས། གཤོག་ཐོག་རྣ་ལེབ། གཅེར་པུ་སྤུ་མེད། སྣ་མེད་ངོ་ལེབ། རྣ་བོ་ཆེ་ལུས་འགེབས་དང་། གློ་ཁའི་བཀྲའི་ཡུལ་ལ་སོགས་པའོ།། དེ་རྣམས་བར་བར་ལ་ཡུལ་ཕྲན་སྟོང་ཡོད། སའི་ཨ་འཕྲག་སྦལ་པ་འདྲ་བ་བཞི་ཡོད། མཐའ་འཁོབ་སྟོང་དང་ལྔ་བརྒྱ་ནི་གནོད་སྦྱིན་དང་གཅན་གཟན་གྱིས་བཟུང་ངོ།། འཛམ་གླིང་འདི་ནི་རིན་པོ་ཆེའི་རྐང་བཞི་ཤར་ནས་ནུབ་ཏུ་འབྲེལ་ནས་ཡོད་དོ།། རི་བོ་ཆེན་པོ་མ་ལ་ཡ་དང་བྲག་བྱ་རྐང་ཅན་རྒྱ་གར་ཡུལ་ན་ཡོད། བྱ་རྒོད་སྤུངས་པ་འདྲ། རི་བོ་རྩེ་ལྔ་དང་དགའ་བའི་དཔལ་འབར་རྒྱ་ནག་ཡུལ་ན་ཡོད། འབྲུག་སྐམ་པ་འདྲ། རི་བོ་ཆེན་པོ་ཨ་ད་ར་དང་མགྱོགས་པ་རི་གེ་སར་ཡུལ་ན་ཡོད། དུག་སྦྲུལ་འཁྱུག་པ་འདྲ། རི་བོ་ཆེན་པོ་ཏ་ལ་དང་གཡུང་དྲུང་དོན་སྤུངས་སྟག་གཟིག་ཡུལ་ན་ཡོད། ཕག་དུར་པ་འདྲ། རི་བོ་ཆེན་པོ་གངས་ཅན་དང་ཤམ་བྷ་ལའི་རི་བོད་ཡུལ་ན་ཡོད། སེང་གེ་མཆོངས་པ་འདྲ། རི་བོ་དེ་ལྔ་ནི་སེང་གེའི་གཟུགས་སུ་ཡོད་པས། འཛམ་བུ་གླིང་འདི་དུག་ཤས་ཆེ་བའི་རྟགས་སོ།། རྒྱ་ནག་དང་དབུས་གངས་ཀྱི་ར་བའི་བར་ནི་ལུང་ཤན་ལ་རྒྱུད་དང་དར་དཀར་བརྐྱངས་པ་འདྲ་བས་བཅད། རྒྱ་གར་དང་གངས་ཀྱི་ར་བའི་བར་ནི་ཏ་ལ་ཝ་རྩེའི་ལ་བརྒྱུད་དུག་སྦྲུལ་དཀྱུས་པ་འདྲ་བས་བཅད། རྟགས་གཟིགས་དང་གངས་ཀྱི་ར་བའི་བར་ནི་བ་དག་ཤ་དུང་གི་སྒོ་མོ་བསྡམས་པ་འདྲ་བས་བཅད། གེ་སར་དང་གངས་ཀྱི་ར་བའི་བར་ནི་བྱེ་མ་རྐང་རིང་དང་ཉ་སྒལ་འདྲ་བས་བཅད། རྒྱ་གར་ནག་གི་བར་ནི་སྤུ་གཟེ་རི་ཁྲེའུ་ཡིས་བཅད། རྒྱ་ནག་གེ་སར་དབར་ནི་ཉི་གོང་གཡན་དམར་གྱིས་བཅད། སྟག་གཟིག་དང་རྒྱ་གར་བར་ནི་མུན་མཚོ་ནག་པོ་གཏིང་རིང་གིས་བཅད། རྒྱ་ནག་དང་བོད་ཀྱི་བར་ནི་ཀ་ཅུ་གཡུ་མཚལ་རོང་གིས་བཅད། གེ་སར་དང་བོད་ཀྱི་བར་ནི་ཁྲི་ཤོ་མཚོ་དང་བྲག་ཆུ་སྨད་ཕྲན་རོང་གིས་བཅད། སྟག་གཟིག་དང་བོད་ཀྱི་བར་ནི་རྡོ་རྗེ་རྒོད་བྲག་རོང་གིས་བཅད། རྒྱ་གར་དང་བོད་ཀྱི་བར་ནི་ཤེས་རབ་ཟབ་མོ་རོང་གིས་བཅད། སྨད་སུམ་པ་དང་བོད་ཀྱི་བར་གའུ་ཤེལ་ཙེ་རོང་གིས་བཅད། སྟོད་ཞང་ཞུང་དང་བོད་ཀྱི་བར་གེ་ཁོད་གཉན་ལུང་རོང་གིས་བཅད། འ་ཞ་དང་བོད་ཀྱི་བར་བྱེ་མ་སྤྱང་མདོང་རོང་གིས་བཅད། འཇང་དང་བོད་ཀྱི་བར་གོར་མ་ཞ་རོང་གིས་བཅད། ཅེས་སོ།། 

 

 

བོན་ནམ་བོད་ཀྱི་བློ་ལྡན་གདོང་སྨུག་ཚོས། །

བོན་གྱི་གཞུང་དོན་ཕྲ་ནས་མཁྱེན་དགོས་ན། །

རྩ་འགྲེལ་ལས་དྲངས་ལུང་དོན་རྩམ་དཀར་འདི། །

ཅུང་ཙམ་གསོལ་དང་ལོ་རྒྱུས་རླུང་གསོས་རེ། །

 

 
 
Re:དོགས་འདྲི་ཐང་ལྷ་འཛུམ་ཤོར།
[ 2011/7/3 4:17:08 | By: danile202 ]
 
danile202ཤིན་ཏུ་ལེགས། ཁོམ་པ་ཡོད་ཚེ་ང་རང་ཉིད་ཀྱི་ལྟ་བ་ཞུ་འདོད།འོན་ཀྱང་དུས་ཚོད་ཅུང་དགོས་ཙམ་འདུག་སྟེ། འདོད་བློ་ཚིམ་པའི་ས་ཁྲ་ཞིག་འཕྲལ་མར་རྙེད་དཀའ་བར་སྣང་།
 
 
Re:དོགས་འདྲི་ཐང་ལྷ་འཛུམ་ཤོར།
[ 2011/6/30 17:27:59 | By: སྐུ་མགྲོན་p73Wna(སྐུ་མགྲོན) ]
 
སྐུ་མགྲོན་p73Wna(སྐུ་མགྲོན)བཀྲ་ཤིས་བདེ་ལེགས་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.