འདི་ནི་མདོ་མེད་ང་ཡི་གྲོས་འདེབས་ལགས།
གཞན་དོན་འཆད་དང་དེ་བཞིན་སྒྲུབ་པ་གཉིས། །
ཀུན་སློང་གཙོ་བ་གཞུང་ན་གསལ་མོད་ཀྱང་། །
གཞན་སྒྲུབ་ཕལ་ཆེར་རང་ཁེར་རྒྱ་ཡན་པས། །
ཚེ་ལྷག་སུམ་ཅུར་གང་བྱེད་ཟིན་གྲོགས་ཚོ། །
ཐར་ལམ་བཤད་པ་ཐར་ལམ་སྒོམ་པ་གཉིས། །
ཕན་ཡོན་གང་ཆེ་གཞུང་ན་གསལ་མོད་ཀྱང་། །
ལྔ་གསུམ་བཅོ་ལྔ་བགྲང་པར་རྒྱ་ཡན་པས། །
ཚེ་ལྷག་སུམ་ཅུར་གང་བྱེད་ཟིན་གྲོགས་ཚོ། །
སྙིང་རྗེ་འཆད་དང་སྙིང་རྗེ་སྐྱེས་པ་གཉིས། །
བརྩེ་རླབས་གང་ཆེ་གཞུང་ན་གསལ་མོད་ཀྱང་། །
གཡུལ་ངོར་ངོས་དགའི་དཔེ་ཟླར་རྒྱ་ཡན་པས། །
ཚེ་ལྷག་སུམ་ཅུར་གང་བྱེད་ཟིན་གྲོགས་ཚོ། །
ཕྲ་མོར་འཆད་དང་རགས་པ་སྨྲ་བ་གཉིས། །
ཞིབ་འཇུག་གང་ཡིན་བརྟགས་པར་མི་དགོས་ཀྱང་། །
རིལ་རིལ་རང་ངོས་སྨྲ་བར་རྒྱ་ཡན་པས། །
ཚེ་ལྷག་སུམ་ཅུར་གང་བྱེད་ཟིན་གྲོགས་ཚོ། །
མཐའ་བྲལ་བཟུང་དང་མཐའ་གྲོལ་མཐོང་བ་གཉིས། །
ས་ཆོད་གང་ཆེ་གཞུང་ན་གསལ་མོད་ཀྱང་། །
མ་ཡིན་མེད་དགག་སྨྲ་བར་རྒྱ་ཡན་པས། །
ཚེ་དམིགས་སུམ་ཅུར་གང་བྱེད་ཟིན་གྲོགས་ཚོ། །
དབུ་མ་ཆེ་དང་རང་རང་དབུ་མ་གཉིས། །
དོན་གྱི་དབུ་མ་གང་ཡིན་གསལ་མོད་ཀྱང་། །
མེད་དགག་དབུས་མ་སྨྲ་བར་རྒྱ་ཡན་པས། །
ཚེ་དམིགས་སུམ་ཅུར་གང་བྱེད་ཟིན་གྲོགས་ཚོ། །
རྣམ་པར་འཕྲུལ་དང་སྤྲུལ་སྐུར་འཁྲབ་པ་གཉིས། །
སྤྲུལ་སྐུ་ཡིན་མིན་སོ་སོར་གསལ་ན་ཡང་། །
མཆོག་སྤྲུལ་མིང་འབག་གྱོན་ལ་རྒྱ་ཡན་པས། །
ཚེ་དམིགས་སུམ་ཅུར་གང་བྱེད་ཟིན་གྲོགས་ཚོ། །
འདི་ན་བཤད་དང་འདི་བཞིན་སྒྲུབ་པ་གཉིས། །
བདེན་ཁ་སུ་ཆེ་དོན་གྱི་སྟེང་གནས་ཀྱང་། །
ཚིག་རིས་བཤད་པ་སྤེལ་བར་རྒྱ་ཡན་པས། །
ཚེ་ལྷག་སུམ་ཅུར་གང་བྱེད་ཟིན་གྲོགས་ཚོ། །
འདི་ནི་གསང་བ་འོན་པའི་གོ་ཐོས་ཡིན། །
འདི་ནི་དམུས་ལོང་དཀོན་བཀྲའི་སྟག་མཐོང་ཡིན། །
འདི་ནི་སྨྲ་མེད་ལྐུགས་པའི་ལད་ཟློས་ཡིན། །
འདི་ནི་མདོ་མེད་ང་ཡི་གྲོས་འདེབས་ལགས། །
༢༠༠༩