གཡུང་དྲུང་ཕྲིན་ལས།
རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་མཁའ་གསལ་སྲིད་པའི་ཉི་ཟླ་ཟུང་། །
ཐུགས་ཀྱི་འོད་ཟེར་རྒྱལ་བསྟན་སྐྱོང་བའི་བཤེས་གཉེན་དུ་མ་ཕྱོགས་བརྒྱར་སྤྲོས། །
གཟི་བྱིན་སྣང་བ་དཀར་པོས་གཏམས་པའི་བོན་གྱི་ས་གནས་སོ་སོ་རུ། །
ལྔ་རིག་མེ་ཏོག་འབུམ་དུ་བཞད་པའི་སློབ་གླིང་སྟོང་གི་དཔལ་ཡོན་བསུས། །
ལོག་རྟོག་མི་དགེའི་ཚ་གདུང་སེལ་བའི་ཐུགས་རྗེའི་བསིལ་གདུགས་མཁའ་ལ་ཕུབ། །
བརྩེ་ཆེན་བྱམས་པའི་རླུང་བུ་གཡོས་ཏེ་དགེ་བཅུའི་སེམས་ཁམས་དྭངས་མར་བསྒྱུར། །
དམ་པ་གང་གི་སྐྱབས་འོག་ཚུད་པའི་སྐལ་ལྡན་ལས་ཀྱི་བུ་སློབ་ཚོར། །
ཐོས་བསམ་སྒོམ་པའི་འཚོ་བ་བསྩལ་ཏེ་ཤེས་རིག་ཟབ་མོའི་ལང་ཚོ་བསྐྲུན། །
རང་རྒྱུད་དྲི་མ་ཡོངས་སུ་དག་པས་གཞན་དོན་སེམས་དཔའི་མཛད་པ་ཟབ། །
བགྲང་བྱ་བཅུ་ཕྲག་བརྒྱད་ལ་སླེབས་ཀྱང་མཚན་དཔེའི་གཟི་མདངས་སྔར་ལས་འཕེལ། །
ཉེར་གཅིག་དུས་ཀྱི་སྟོན་པ་ཆེན་པོ་ ༧ རྒྱལ་བ་སྨན་རིའི་མཁན་སློབ་ཟུང་། །
ངོ་མཚར་སྟོང་གི་རྟེན་འབྲེལ་གཟབ་སྟེ་གངས་རིའི་ལྗོངས་ལ་ཕེབས་བསུ་ཞུ། །
རིན་ཆེན་གཏེར་ཁས་ཡོངས་སུ་བལྟམས་པའི་འཛམ་གླིང་གོ་ལའི་ཡང་རྩེ་རུ། །
རང་འབྱུང་ཤེལ་གྱི་ཀ་བས་བཏེགས་ཤིང་བརྒྱད་ལྡན་ཆུ་བོས་ཕྱོགས་བཞིར་རྒྱོང་། །
ས་འཛིན་དཀར་པོའི་གུར་ཁྱིམ་ཕུབ་ཡོད་སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་། །
གངས་རིའི་ལྗོངས་ཀྱི་གྱེར་མི་ཚོ་དང་མཇལ་འཛོམས་གནང་བར་ཕེབས་ཤིག་ཀྱེ། །
ཡིད་འོང་སྐྱེད་ཚལ་མུ་མཐས་དབེན་པའི་སྤང་ལྗོང་གཡུ་ཁྲིའི་སྟེགས་བུ་རུ། །
ངད་ལྡན་དྲི་བསུང་རྒྱང་ལ་འཐུལ་ཞིང་འཇམ་མཉེན་བཀྲ་གསལ་སྟོང་གྲོལ་བའི། །
གེ་སར་འབུམ་ལངས་གདན་དུ་བཏིང་ཡོད་སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་། །
གངས་རིའི་ལྗོངས་ཀྱི་གྱེར་མི་ཚོ་དང་མཇལ་འཛོམས་གནང་བར་ཕེབས་ཤིག་ཀྱེ། །
དྲི་མེད་ཆུ་སྐྱེས་ལྗོན་བཟང་གསར་པའི་བཀྲ་ཤིས་མཐའ་རྒྱན་མཛེས་ཤིང་འོང་། །
འབྲས་དྲུག་སྙེ་ལོ་དབུ་ལྕོག་ལྡེམ་པའི་ཞིང་བཟང་གསེར་གྱི་སྡེར་ཁ་རུ། །
འབྲུ་སྲན་སྣ་ལྔའི་གསོལ་སྟོན་བཤམས་ཡོད་སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་། །
གངས་རིའི་ལྗོངས་ཀྱི་གྱེར་མི་ཚོ་དང་མཇལ་འཛོམས་གནང་བར་ཕེབས་ཤིག་ཀྱེ། །
གངས་ལྷ་མེ་ཏོག་ཕྲ་ཚོམ་བཏབ་པའི་གཡའ་སྤང་ཏི་སེའི་ཞལ་བུ་རུ།
།
དྭངས་གཙང་རླབས་ཕྲེང་མཁའ་ལ་འཐོར་ཞིང་རང་འཁྱིལ་བདུད་རྩི་ལྷ་ཡི་ཆབ།
།
མ་ཕམ་བླ་མཚོ་མཆོད་སྐྱེམས་བཏེགས་ཡོད་སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་།
།
གངས་རིའི་ལྗོངས་ཀྱི་གྱེར་མི་ཚོ་དང་མཇལ་འཛོམས་གནང་བར་ཕེབས་ཤིག་ཀྱེ།
།
ལྷག་བསམ་དཀར་པོ་བོད་ལ་བཅངས་ཀྱང་ཞབས་བཟང་མར་ཞིའི་འཁོར་ལོ་དངོས། །
ལྷ་ལྡན་དགའ་བའི་གྲོང་དུ་བསྒྱུར་ཞིང་འཛུམ་ཞལ་གསེར་གྱི་ཉི་མ་ཆེ། །
ཡང་ཡང་མཇལ་བའི་སྐལ་བཟང་སྒུག་ཡོད་སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་། །
གངས་རིའི་ལྗོངས་ཀྱི་གྱེར་མི་ཚོ་དང་མཇལ་འཛོམས་གནང་བར་ཕེབས་ཤིག་ཀྱེ། །