ལུ༵ང་རྟོ༵གས་བསྟ༵ན་པ༵འི་པད་ཚལ་རྒྱས་བྱེད་མཁན་ཆེན་ཉི༵་མ༵་གཞོན་ནུ་དང་།
།
ཟབ་དཀར་སྔགས་རྫོགས་བསྟན་པའི་གསལ་བྱེད་ཡོ༵ངས་འཛི༵ན་སྨྲ་བའི་ཟླ་བ་ཡི།
།
ཞབས་སེན་ནོར་བུའི་འོད་རིས་དྭངས་མ་དད་འདུན་མོས་པས་བཙལ་བྱས་ཏེ།
།
སྒོ་གསུམ་བག་ཡོད་ཞི་གཙང་བསྒྱུར་བའི་འདུལ་གོས་པད་ལོ་མདངས་མཛེས་གསོལ།
།
མདོ་སྔགས་རྫོགས་པའི་གཡུང་དྲུང་སློབ་དཔོན་འཕྲི༵ན་ལ༵ས་ཉི༵་མ༵འི་འོད་བསྟེན་ཏེ།
།
བསྡུས་ཚད་དབུ་བཟུང་རྫོགས་ཆེན་གཞུང་བར་ཐོས་བསམ་སྤྱན་རས་ཡངས་མོར་བྱས།
།
བཅུ་རིག་གནས་ལ་རྨོངས་མུན་དཔུང་བསལ་གཞུང་འཇུག་མཁྱེན་དཔྱོད་འོད་རྒྱས་ཀྱང་།
།
ཤེས་མདོགས་གྲགས་སྐམ་རླུང་གིས་སྤུར་བའི་ཚིག་འཁྱལ་ཐལ་བས་སྦག་མ་མྱོང་།
།
རྒྱ༵ལ་བ༵་སྨན་རིའི་གདན་ས་ཆེན་མོ་བོན་གཞིས་ཐོབ་གསར་རིག་གླིང་ནས།།
བསྟ༵ན་འཛི༵ན་བཤེས་ཀྱི་མཚན་སྙན་མེ་ཏོག་སྤྱི་གཙུག་མཛེས་པའི་རྒྱན་བཞེངས་ཏེ།
།
གྲུ་ཁུག་སྟོང་གི་འགག་འཕྲང་དབར་ནས་གངས་ལྗོངས་ཞིང་དུ་རྡོག་འགྲོས་བསྣུན།
།
ལྷ་བླའི་མགོན་སྐྱབས་མཐུ་དཔུང་མ་ཆུང་ཕ་ཡུལ་ཕྱོགས་སུ་བདེ་མོར་འཁོད།
།
དབུ་ལྕང་གངས་དཀར་སྤུངས་པའི་མདངས་སུ་གྱེར་སྤུངས་རབ་བྱུང་ཚུལ་འཆང་བ།
།
རྒྱལ་བ་སྨན་རིའི་ཡོངས་འཛིན་ཆེན་མོའི་རྨད་བྱུང་གསུང་གི་བཀའ་སློབ་ལྟར།
།
དམ་པ་ཁྱུང་གི་གདན་ས་མཆོག་གྱུར་གཡུ༵ང་དྲུ༵ང་བསྟ༵ན་པ་རྒྱ༵ས་གླི༵ང་དུ།
།
བཅོས་མིན་ལྷག་བསམ་བསིལ་ཟེར་མདངས་ཀྱིས་བཤད་སྒྲུབ་བདུད་རྩིའི་གླིང་ག་བསྐྱིལ།
།
འཆད་པའི་གསུང་རྒྱུན་དལ་འབབ་རིང་མོར་མདོ་སྔགས་རྫོགས་པའི་ཆུ་སྐྱེས་བཞད།
།
རྩོད་པའི་རྔམ་བརྗིད་སེང་གེའི་དབྱངས་རྟས་རྒོལ་ངན་གཅན་ཚོགས་སྤ་བཀོང་ཞིང་།
།
རྩོམ་པའི་རང་འགྲོས་གཡས་འཁྱིལ་གར་གྱིས་ངོ་མཚར་སྒྱུ་རྩལ་དཔལ་སྟེར་བའི།
།
རྒྱ༵ལ་བ༵་སྨན་རིའི་བསྟ༵ན་འཛི༵ན་བཤེས་གཉེན་གཡུང་དྲུང་གྱེར་གྱི་སྲོག་འཛིན་དངོས།
།
ཚངས་སྤྱོད་འདུལ་ཁྲིམས་མདངས་ལེགས་མེ་ཏོག་ངུར་སྨྲིག་ན་བཟའི་གསེང་ན་སྨིན།
།
དོན་ཟབ་ལེགས་བཤད་བསུང་ཞིམ་ཟིལ་མངར་བརྒྱ་ཕྲག་སློབ་མའི་དཔྱིད་དུ་བསྩལ།
།
རང་རིགས་འགྲོ་བ་ཤི་གསོན་མང་པོའི་དགེ་བསྐུལ་སྡོང་གདབ་སུན་མེད་མཛད།
།
གཞན་ཕན་སེམས་ཀྱི་འཇུག་སྒོར་འཛེགས་པའི་སེམས་དཔའ་ཟེར་བ་ཁྱེད་མིན་སུ།
།
ཆེ་རྫིག་མི་ཆེན་གྲགས་པའི་ཕྱོགས་སུ་འཛུམ་དཀར་རླུང་གིས་བསྙེགས་སྲོལ་མེད།
།
སྐབས་སུ་དོན་མེད་འུད་བཤད་གཏམ་གྱིས་མཐོ་དགའ་དམའ་བརྙས་བྱེད་མྱོང་མེད།
།
རང་འདོད་དང་བསྟུན་གཞན་ལ་མི་བཀུར་གཡོ་ཟོལ་དྲི་དང་འགྲོགས་པ་མེད།
།
དེས་ན་བྱ་བྲལ་མཚན་གྱིས་བསྔགས་ཀྱང་དོན་ལ་མི་འབབ་ཡིན་སྙམ་མེད།
།
བླ་མེད་ཡང་རྩེ་དབུ་གདུ༵གས་བསིལ་མོ་ཕྱོགས་འཛིན་ཐན་པའི་གཉེན་དུ་ཕུབ།
།
མི་འཁྲུག་རྣམ་དཔྱོད་དཔ༵ལ་དབྱེའི་རི་མོ་ཞི་གཙང་འཇམ་པའི་གཤིས་སུ་བཀྲ།
།
ཟབ་གསང་གདམས་མཛོད་མགུལ་བུ༵མ་ཡོལ་བར་སྐལ་ལྡན་སློབ་གསོས་བདུད་རྩི་འཁྱིལ།
།
འཁྱུག་འཕྲུལ་ཡིག་རིས་སྒྱུ་རྩལ་ངོམས་པའི་ཕྱག་སོར་གསེར་ཉ༵་ལྡེམ་མྱུར་ཟབ། །
དམར་སེར་སྔོན་པོའི་ཤམ་བུས་འཕྱངས་པའི་གང་སྐུའི་རྒྱ༵ལ་མཚན་བསྙལ་མེད་ངང་། །
བརྒྱ་ཕྲག་སློབ་མའི་ཐུགས་རྒྱུད་པ༵ད་མོར་ཟབ་གདམས་གངས་ཆབ་སྦྲེངས་ཞོར་དུ། །
ཐར་བདེ་འཚོལ་བའི་ནོར་བུ༵་དྭངས་མ་རང་རིག་ལྟ་བའི་ཐུན་བསྐྱངས་བཞིན།
།
རྒྱལ་བསྟན་མདངས་འཛིན་གསེར་གྱི་འཁོ༵ར་ལོ་གེགས་མེད་བསྒྱུར་བའི་བཀྲ་ཤིས་ཤོག །