སྤྲོ་དགའི་ཀློང་ནས་རྡོལ་བའི་རྟོགས་བརྗོད་ངག་གི་ཟེགས་མ།
མཐའ་ཀླས་ནོར་འཛིན་ཡངས་པའི་ཁྱོན་ཆེན་པོ། །
སྡེ་གསུམ་གྱེར་སྒོའི་གཟི་འོད་འབུམ་བདལ་ཞིང་། །
རྨོངས་ཆེན་བསྐལ་སྨག་མུན་འཇོམས་སྲིད་པའི་སྒྲོན། །
ལུ༵ང་རྟོ༵གས་བསྟ༵ན་པ༵འི་ཉི༵་མ༵་གཙུག་ན་རྒྱལ། །
གང་ཉིད་དགྱེས་ཞལ་བསྟན་འགྲོའི་དཔུང་གཉེན་དུ། །
མངོན་པར་འཛུམ་ནས་བརྒྱད་ཅུའི་དུས་སྟོན་ཉིན། །
གསོབ་མེད་སྐུ་དྲིན་དྲན་པའི་སྤྲོ་དགའ་ཡིས། །
རྟོགས་བརྗོད་ངག་གི་ཟེགས་མ་ཅིས་མི་འཐོར། །
མ་སྨིན་སྲིད་དོན་གར་གྱིས་མཐོན་པོའི་ཁྲིར། །
མ་བཏེགས་སྦྱང་སྨིན་རྫོགས་པའི་རྟིང་མ་རུ། །
མ་སྨད་ལྷ་བླས་ལུང་གི་ཆོ་ལོ་བསྩལ། །
མ་ནོར་དོན་གྱི་རྒྱལ་ཐེབས་ཁྱེད་ཀྱིས་བཞེས། །
བསྟན་འགྲོའི་དོན་རློམ་ཆེ་སྙན་གྲགས་པའི་དབང་། །
ཁྲི་རབས་སྐྱེས་ཕྲེང་འཛིན་པ་དོག་བདལ་ཡང་། །
སྡོམ་གསུམ་དྲི་མེད་ཉག་ཐག་ལུ་གུ་རྒྱུད། །
འཛིན་ལ་མཚུངས་བྲལ་སྨན་རི་བ་ཉིད་ཙམ། །
འཁྲུགས་རྩོད་གོད་ཆག་དུས་ཀྱི་མཚོན་རུམ་ནས། །
མ་རྨས་བསླབ་གསུམ་ཀ་བ་རབ་བཙུགས་ཏེ། །
ཟླུམ་གཟུགས་གོ་ལའི་ཐང་ཆེན་ཡངས་པ་རུ། །
ཞྭ་དཀར་བསྟན་པའི་ཕ་མཁར་ཁྱེད་ཀྱིས་བཞེངས། །
ཆེས་སྙིགས་གྲུབ་མཐའི་སྡང་ཞེན་འོབས་ཚ་བས། །
བོན་ཉིད་བདེན་པའི་རང་གཟུགས་ཨུ་དུམ་ཝར། །
ལོག་ཞུགས་ཕས་ཀྱིས་འདབ་ལག་བསྲེག་ཉེ་དུས། །
བཤད་སྒྲུབ་བསྟན་པའི་གཙང་ཆབ་མཐའ་ནས་བྲན། །
དམུ་རྒྱལ་བསྟན་དང་དེ་འཛིན་སེམས་དཔའི་སྡེ། །
ཁྱད་གསོད་དབུ་འཕང་བཅོག་པའི་ཡམས་ཀྱི་ནད། །
སྤྱི་འབྱིན་ཚད་གསུམ་སྦྱར་བའི་སྨན་གྱི་རྟ། །
འབྱམས་ཀླས་སྲིད་པའི་ཁམས་སུ་ཁྱེད་ཀྱིས་སྤྲོས། །
ཨེ་མ་མདོ་སྔགས་ལུ༵ང་རྟོ༵གས་དཔལ་གྱི་བདག །
གཡོ་མེད་བཤད་སྒྲུབ་བསྟ༵ན་པ༵འི་ལྡུམ་ཚལ་དུ། །
གསང་གསུམ་ཕན་བདེའི་ཉི༵་མ༵་རྟག་འཆར་ཞིང་། །
ལུས་ཅན་པད་མོའི་དཔྱིད་དུ་འབར་གྱུར་ཅིག །
བདག་ཀྱང་ཚེ་རབས་སྲིད་མཐའ་མ་སྟོང་བར། །
མི་འབྲལ་སྐྱབས་འོག་འཁོར་དུ་ལེགས་ཚུད་དེ། །
གང་ཐུགས་གཡུང་དྲུང་གཏམས་པའི་ཀློང་རུམ་ནས། །
གཡེལ་མེད་སྲུང་བའི་གུར་ཁང་དབུབ་གྱུར་ཅིག །
ངག་རིག་དབང་རྩ་བཏུལ་བའི་གུས་བརྩོན་གྱིས། །
སྙན་སྦྱོར་རྟོགས་བརྗོད་ཡོན་གྱིས་སྤོབས་མིན་ཡང་། །
རྣམ་དཀར་བསོད་ཚོགས་གསོག་པའི་མཆོད་ཐིགས་སུ། །
སུམ་གླང་ཤེལ་བྲག་མངོན་དགའི་ཚལ་ནས་བཏེགས། །
སྟོང་མིན་ཤིས་བརྗོད་ཙམ་དུ་ཉིས་སྟོང་བརྒྱད་ལོར་གུས་པས་ཕུལ།
- ཟིན་ཐོ་གོང་མ།༢ལུས་སེམས་གཉིས་ཀྱི་གཏམ་རྒྱུད།
- ཟིན་ཐོ་འོག་མ།༄༅།།གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་དང་དབུ་མའི་བར་རིག་པའི་དགག་བྱར་དཔྱད་པ།