དཔོན་གསས་བླ་མའི་རྟོགས་བརྗོད་ཞུགས་མར་
མདངས་ཀྱི་མཆོད་ཀ།
སྐུ་མཆོག་ཟླ་བ་གཞོན་ནུ་སུམ་གླང་ནས་ཤར་ཞིང་། །
ནང་རིག་བསམ་པའི་དཔལ་ཡོན་ཤེལ་གླིང་ནས་རྒྱས་ཏེ། །
འགྲོ་དོན་མཐའ་ཁོབ་ཞིང་ནས་གྱེར་བསྟན་དེ་འདེགས་པའི། །
དབྲ་ཁྱུང་བསྟན་འཛིན་འོད་ཟེར་སྲིད་ཞི་ཡི་རྒྱན་གཅིག །
དང་པོ་ཐ་མལ་ཚུལ་བྱས་དེང་རབས་ཀྱི་སློབ་གྲྭར། །
མ་འདྲེས་སྐད་ཡིག་ཐུགས་ཀྱི་གསང་མཛོད་དུ་སྐྱིལ་བས། །
ཕུལ་བྱུང་རིག་པའི་བྱ་དགའ་ལན་གྲངས་སུ་ཐོབ་ཅེས། །
ཕྱོགས་སུ་རྣ་བར་མཆེད་པའི་གྲགས་སྙན་ཞིག་ལྡིར་སོང་། །
བར་དུ་རིག་སད་ཐུགས་དགོངས་ངེས་འབྱུང་གིས་བསྐུལ་ཏེ། །
ཡབ་མེས་གདན་ས་རྩེ་དྲུག་མངོན་དགའ་ཡི་ཚལ་ནས། །
བསྟན་པའི་སྲོག་ཤིང་འདུལ་བའི་བཅས་ཁྲིམས་དེ་ནོས་པས། །
རྣམ་དྲུག་ངུར་སྨྲིག་འཛིན་པའི་གཙུག་རྒྱན་དུ་གྱུར་སོང་། །
གང་དེར་གཤེན་བཙུན་འདུས་སློབ་རྒྱ་མཚོ་ཡི་དབུས་ནས། །
འཆད་ཉན་རྩོད་པས་ཚིག་གི་སྒྲོ་འདོགས་དེ་བསལ་ཞིང་། །
ཐོས་བསམ་སྒོམ་པས་དོན་གྱི་གདར་ཤ་རེ་བཅད་པས། །
ངེས་དོན་བཤེས་གཉེན་ཆེན་པོའི་རྒྱལ་ས་རུ་གཤེགས་སོང་། །
གྲུབ་བརྙེས་རིག་འཛིན་སྟོང་གི་བྱིན་རླབས་ཀྱི་དམུ་ཡད། །
ཡལ་མེད་གཅིག་ཏུ་འཁྱིལ་བའི་རྩེ་དྲུག་གི་གླིང་དུ། །
བསྟན་བདག་རྒྱལ་ཐེབས་ཁྲི་ལ་དགྱེས་བརྩེའི་ངང་བཞེངས་ཤིང་། །
ནུབ་མེད་བཤད་སྒྲུབ་སྒོམ་པའི་རྒྱལ་མཚན་དེ་སྒྲེང་སོང་། །
རིང་ནས་མཆོད་ཡོན་འབྲེལ་བའི་དད་དམ་གྱི་ཕྲེང་བ། །
ཆགས་སྡང་མཚོན་གྱིས་དུམ་བུ་དགུ་བཅད་ཅིག་བྱས་ཀྱང་། །
མགོན་པོ་གང་གི་ཐབས་ཤེས་བཟོ་བོ་ཡི་འཕྲུལ་གྱིས། །
འགྱུར་མེད་གསེར་ཐག་གཅིག་གིས་སླར་ཡང་དུ་སྒྲིལ་སོང་། །
བཀོད་ལེགས་ངོ་མཚར་ཕུན་ཚོགས་གཞལ་མེད་ཀྱི་ཁང་བཟང་། །
བསླབ་གསུམ་འོ་མཚོ་འཁྱིལ་བའི་གླིང་བཞི་ཡི་སློབ་ཚོགས། །
དབང་བྱིན་ཟིལ་ངད་འཐུལ་བའི་སྐུ་གསུང་དང་ཐུགས་རྟེན།
ཕྱི་ནང་དགེ་བཅུའི་སྣང་བ་ཤེལ་གླིང་ནས་སྤར་སོང་། །
ནང་བསྟན་སློབ་གླིང་གྲགས་པའི་སློབ་ཚོགས་ཀྱི་དབུས་ན། །
གཤེན་བཙུན་རྣམ་ལྔའི་ལྷན་དུ་ཐོས་བསམ་ལ་རོལ་སྐབས། །
མཐའ་ཁོབ་དགེ་ལ་བསྒྱུར་བའི་མཛད་བཟང་དེ་མཐོང་དུས། །
དོན་མཛད་རྒྱལ་བའི་སྲས་ཞེས་ཕྱོགས་བཅུ་ནས་བསྟོད་སོང་། །
གང་སྐུ་གསེར་གྱི་འཁོར་ལོ་ཤར་ཕྱོགས་སུ་བསྒྱུར་ཏེ། །
ཟབ་གསལ་གསུང་གི་མན་ངག་གང་འདུལ་དུ་བསྩལ་དུས། །
སྐལ་བཟང་ཡིད་ལ་ཐར་པའི་ས་བོན་རེ་བསྐྲུན་ཞིང་། །
གུས་སློབ་ཁྲི་མ་འབུམ་གྱིས་ཞབས་ཟུང་ནས་བཏེགས་སོང་། །
ཁྱེད་སྐུ་བཙུན་པས་གཞན་སེམས་དབང་མེད་དུ་འགུག་ཅིང་། །
ཁྱེད་གསུང་མཁས་པས་མ་ནོར་ལམ་སྒོ་རེ་འབྱེད་སྟེ། །
ཁྱེད་ཐུགས་བཟང་བས་བདག་བསྟོད་གཞན་སྨད་དེ་དབེན་ཕྱིར། །
ཁྱེད་ནི་ཀུན་ལ་མཛའ་བའི་གཡུང་དྲུང་གི་སེམས་དཔའ། །
སྐུ་མཆོག་ཉིན་བྱེད་གཞོན་ནུ་མཁའ་དབྱིངས་ནས་མཁའ་དབྱིངས། །
ཉེར་འཚེ་ར་ཧུའི་འཇིགས་པའི་གཡུལ་ངོ་ལས་རྒྱལ་ཏེ། །
བསྟན་འགྲོ་པད་མོའི་དཔྱིད་དུ་ཁྲི་ལོ་ནས་ཁྲི་ལོར། །
མི་ཤིག་གཡུང་དྲུང་གཏམས་པའི་གུར་ཁང་དུ་བཞུགས་ཤིག །
- ཟིན་ཐོ་གོང་མ།བསྟན་འགྲོའི་ཕམ་ཁ།
- ཟིན་ཐོ་འོག་མ།སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་ཉུང་འདུས།