༄༅།།གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་དང་དབུ་མའི་བར་གྱི་
རིག་པའི་དགག་བྱ་འཇོག་ཚུལ་ཐད་
ཅུང་དཔྱད་པ་བྱིས་པ་ཕྲ་མོའི་
སྟངས་སྟབས༎
༧ དབང་གཞུ་འོད་ལྔའི་མུ་ཁྱུད་ཟླུམ། །ཐབས་ཤེས་ཉི་ཟླའི་རྣ་ཆ་སྒེག།
སྣང་གསལ་གླེགས་རལ་ཕྱག་ན་སྤ། །ཟུར་ཕུད་ལྔ་པས་དུས་ཀུན་སྐྱོངས༎
༧ རྨོངས་མུན་ལོག་པའི་ལམ་ཕྱན་པའི། །འགྲོ་རྣམས་བྱང་གྲོལ་བདེ་བ་རུ།།
ལྷག་མཐོང་རིག་པས་དབུག་དབྱུང་མཛད།།རྗེ་གཅིག་མཉམ་མེད་བླ་མར་འདུད༎
༧ འདི་ན་རྨོངས་པའི་བུག་སྒོ་རུ། །འཆར་བའི་རབ་རིབ་གཟུགས་བརྙན་རིས།།
བཤམས་པའི་ལས་སྦྱོར་ཐལ་ཆེ་ཡང་། །ཁྲེལ་སྨོད་མཆིལ་ཞགས་མ་གནང་ཞིག།
༧དེ་ཡང་རང་ལུགས་དབུས་གཏེར་ཐེག་དགུའི་ནང་ཚན་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཆེན་པོ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལུགས་ལ་རོལ་པ་སྐྱེ་མཆེད་པ་དང་། མཚན་མ་ཀུན་བྲལ་བ་གཉིས་ཟབ་མོ་གཏམ་གྱི་དོན་དམ་ལ་མཐུན་ཞེས་བདེན་དངོས་དང་རང་བཞིན་གྲུབ་པའི་སྤྲོས་མཐའ་ལས་ཡོངས་སུ་འདས་པའི་གནས་ལུགས་དེ་ཁོ་ན་ཉིད་དེ། ལུགས་གཉིས་པོས་གཅིག་མཐུན་གྱིས་ལྟ་བ་མཐའ་ཐུག་ཏུ་བཞེད་པར་གསུངས་ལ། དེ་གཏན་ལ་འབེབས་པའི་སྐབས་སུ་མི་མཐུན་པ་བྱུང་བ་སྟེ། སྣང་བ་བོན་ཅན་དུ་བཞག་ནས་སྣང་བ་འགེགས་པ་མ་མཐུན་ཞེས་པ་ལས་འཕྲོས་ཁུལ་གྱིས། རོལ་མཚན་དང་། ཐལ་རང་སོ་སོའི་འདོད་ཚུལ་ངོས་བཟུང་ཏེ་ཕན་ཚུན་བར་གྱི་ཁྱད་པར་ཅུང་དཔྱད་པར་མོས།
༧དེ་ཡང་རོལ་པ་སྐྱེ་མཆེད་པས་གཅིག་དང་དུ་བྲལ་གྱི་རྟགས་ལས་གཞི་སྣང་བའི་སྟེང་དུ་བདེན་པའི་དངོས་པོ་མེད་པར་བསྒྲུབ་སྐབས། བསྒྲུབ་བྱ་འཇལ་བའི་རིག་ཤེས་རྗེས་དཔག་དེས་སྣང་བ་ཉིད་བདེན་པའི་དངོས་པོ་མེད་པ་དངོས་སུ་རྟོགས་ཤིང་། རྫུན་པའམ་སྒྱུ་མ་ལྟ་བུ་ཡིན་པ་ཤུགས་ལས་རྟོགས་པར་འདོད། བྱམས་མ་འབུམ་ལྔས་དངོས་བསྟན་ཡེ་གཤེན་པ་དང་འདི་གཉིས་དོན་གཅིག་པ་ལྟ་བུ་གསུངས་པས། ཡེ་གཤེན་པས་སྣང་བ་སྒྱུ་མ་ལྟ་བུ་དེ་དག་ཐམས་ཅད་རང་འཛིན་ཤེས་པ་དང་བདག་ཉིད་གཅིག་སྟེ། སྣང་བ་སྣ་ཚོགས་པ་འདི་དག་བརྟགས་དོན་བཙལ་བའི་ཚེ་རྙེད་རྒྱུ་མེད་པ་དང་། མེད་བཞིན་དུ་ཤེས་པ་ལ་སྣང་བ་མ་འགག་པ་འཆར་བས་ན་སེམས་ཀྱི་ཆོ་འཕྲུལ་ལམ་བདག་ཉིད་དུ་འདོད་པའོ། །
༧མཚན་མ་ཀུན་བྲལ་བས་དོན་དམ་གཏན་འབེབས་སྐབས་རིག་ཤེས་དེས་ཡོངས་གཅོད་དམ་ཤུགས་རྟོགས་བྱེད་པ་མི་འདོད་དོ། །ལུགས་གཉིས་པོས་རྩ་བའི་མཐའ་ཐུག་གི་ལྟ་བ་གོང་ཞུས་ལྟར། སྐྱེ་འཕགས་གཉིས་ཀའི་ཐ་སྙད་པའི་ཤེས་ངོར་སྣང་བ་ལྟར་དུ་གྲུབ་པ་དེ་བདེན་ཚད་དང་། བརྟགས་དོན་བཙལ་བའི་ཚེ་རྙེད་རྒྱུ་ཡོད་པ་དེ་རང་ངོས་ནས་གྲུབ་པའི་ཚད་དུ་འཇོག་སྟེ། རིག་པའི་དགག་བྱར་བཟུང་བར་ཁྱད་མེད་པ་ནི། ཐེག་འགྲེལ་ལས། ཟབ་མོ་གཏམ་གྱི་དོན་དམ་ལ་མཐུན་ནོ། །ཞེས་དང་། བརྟགས་པ་བོན་ཅན་དུ་བཞག་ནས་བརྟགས་པ་འགེགས་པ་མཐུན། སྣང་བ་བོན་ཅན་དུ་བཞག་ནས་བརྟགས་པ་འགེགས་པ་མཐུན་ཞེས་གསུངས། འབུམ་ལས། སེམས་དང་སེམས་བྱུང་སྣ་ཚོགས་པ། རང་བཞིན་དུ་མ་ཅི་སྣང་ཡང། དངོས་པོར་མ་གྲུབ་ཐིག་ལེ་གཅིག མ་རྟོགས་འཁྲུལ་པའི་བློ་ཅན་གྱིས། རྟོག་པ་རབ་རིབ་ཅིར་མཐོང་ཡང་། བརྟགས་ན་སྙིང་པོ་གཞན་མེད་དོ། །ཅེས་དང་། སྣང་བར་གྲུབ་པ་བདེན་མེད་དེ། རང་གཞན་རྒྱུ་མེད་གཉིས་ཀ་ལ། བརྟགས་ན་སྐྱེ་བའི་གནས་མེད་དེ། རང་ལས་རང་སྐྱེ་རྒྱུ་འབྲས་མིན། གཞན་ལས་གཞན་སྐྱེ་ངེས་མེད་འགྱུར། གཉིས་ལས་སྐྱེ་ན་གཅིག་མི་སྲིད། མེད་ལས་སྐྱེ་ན་དངོས་མི་བདེན། དེ་ཕྱིར་སྣང་བའི་རྒྱུ་མ་གྲུབ་ཅེས་མུ་བཞི་སྐྱེ་འགོག་གི་ཚུལ་འདིས་གསལ་བས་སོ། །
༧ཡོངས་སུ་གྲགས་པའི་དབུ་མའི་ལུགས་ལ་ཚུལ་གསུམ་རང་ངོས་ནས་གྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་བདེན་དངོས་འགོག་པར་བྱེད་པས་རང་རྒྱུད་པ་དང་། ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པས་ན་ཐལ་འགྱུར་བ་སྟེ། སྡེ་བ་གཉིས་པོས་སྐྱེ་འཕགས་གཉིས་ཀའི་ཐ་སྙད་པའི་ཤེས་ངོར་སྣང་བ་སྣང་བ་ལྟར་དུ་གྲུབ་པའམ། སྒྲ་རྟོག་གིས་མ་བཞག་པ་ཡུལ་སྟེང་ནས་གྲུབ་པ་དེ་ཉིད་རིག་པའི་དགག་བྱར་འཇོག་པར་ཁྱད་མེད་པ་ལྟ་བུ་སྣང་རུང་། ལྟ་བའི་དགག་བྱར་འཇོག་སྟངས་ཐད་གཏིང་ཟབ་ཞན་ཆེས་ཆེ་བ་ཡོད་དེ།
༧རང་རྒྱུད་པས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པ་ཡུལ་རང་གི་ཐུན་མོང་མ་ཡིན་པ་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཞེས་གདགས་གཞི་རྟེན་འབྲེལ་ཚོགས་པ་ལ་སྒྲ་རྟོག་གིས་གཏན་ནས་མ་བཞག་པ་ཡུལ་ངོས་ནས་གྲུབ་ན། རྟག་མཐར་ལྷུང་སྟེ། བྱ་བྱེད། ཕན་གནོད། རྒྱུ་འབྲས་རྣམས་ལྟོས་མེད་དུ་ཐལ་བས་དགག་བྱར་བཞེད་ལ། ཡུལ་ངོས་ནས་གྲུབ་པ་དེ་རྐྱང་པ་དགག་བྱ་མ་ཡིན་ཏེ། ལས་འབྲས་དང་། བདེ་སྡུག ཐར་འཁོར་རྣམས་སྒྲ་བློས་བཞག་པ་དང་ཡུལ་ངོས་ནས་གྲུབ་པ་གཉིས་ཚོགས་ཀྱི་སྟེང་ནས་འཇོག་དགོས་པའི་ཕྱིར། དེ་འདྲའི་ཚོགས་དོན་དེ་ཆད་མཐའ་བསལ་བྱེད་དང་། གཞི་གྲུབ་ན་བརྟགས་དོན་བཙལ་ཚེ་རྙེད་རྒྱུ་ཡོད་པ་འདོད་དོ། །
༧ཐལ་འགྱུར་བས་རྟོག་པས་བཏགས་ཙམ་མ་ཡིན་པ་ཡུལ་ངོས་ནས་གྲུབ་པ་དེ་ཉིད་རིག་པའམ་ལྟ་བའི་དགག་བྱར་བཞག་སྟེ། ཐར་འཁོར་གྱིས་བསྡུས་པའི་བོན་གང་གི་སྟེང་དུ་བཙལ་ཀྱང་རྙེད་དོན་རྡུལ་ཙམ་ཡང་མི་དམིགས་པ་མ་ཟད། སྒྲ་བློས་བཞག་པ་དང་རང་ངོས་ནས་གྲུབ་པ་གཉིས་མིང་དོན་མི་འབྲེལ་བའི་ནང་འགལ་སྟོན་པ་ཁོ་ན་སྟེ། དཔེར་ན་མི་ཞིག་ལ་མཚོན་ན། ལ་ལས་གཉེན་དང་། ལ་ལས་དགྲ ལ་ལས་ཕ། ལ་ལས་བུ་ཕྲུག ལ་ལས་མིང་པོ། ལ་ལས་ཟླ་རོགས་སོགས་མཐོང་བས། སྣང་སྟངས་དེ་ཀུན་གཞི་གཅིག་གི་སྟེང་དུ་རྙེད་དགོས་པ་ལ་མི་རྙེད་དེ། བཞི་བརྒྱ་པ་ལས། གང་ལ་བརྟེན་ནས་འབྱུང་ཡོད་པ། དེ་ནི་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། ཞེས་དང་། ཇི་སྐད་དུ། གང་དུ་བཏགས་པ་དེ་ལྟར་སྣང་། རིག་དྲུག་ཆུ་ལ་མཐོང་སྣང་དྲུག་ཅེས་པ་ལྟ་བུ་ཡིན་པས། སོ་སོའི་ལས་སྣང་ངམ་སྒྲ་བློས་གང་དུ་བཏགས་པ་བཞིན་ངོ་རེར་ལྟོས་ནས་གྲུབ་པ་ཙམ་ལས། ཁོ་ཡི་ངོས་ནས་དགྲ་གཉེན་གང་དུ་ཡང་རང་དབང་དུ་གྲུབ་པ་མེད་པའི་ཕྱིར་ཏེ། གཅིག་གི་ངོར་དགྲ་རུ་གྲུབ་ན་ཀུན་ལ་དེ་ལྟར་དགོས་པར་འགྱུར་བས་རྟག་མཐའ་རུ་བཞེད་དོ། །དེ་ལྟར་ཐལ་འགྱུར་བའི་ལུགས་ལ་སྒྲ་རྟོག་གིས་བཞག་ཙམ་མིན་པ་ཡུལ་ངོས་ནས་གྲུབ་པ་བདེན་ཚད་དང་། དེར་འཛིན་གྱི་བློ་ནི་བདེན་འཛིན་ནམ་རིག་པའི་འགལ་ཟླ་རུ་འཇོག་ཅིང་། ཐལ་འགྱུར་བས་ལྟས་པའམ་རིག་པས་ཕུལ་ན། རང་རྒྱུད་པས་བདེན་དངོས་བཀག་ནས་ལྷག་མཐོང་བདེན་མེད་རྟོགས་པ་ཁས་འཆེ་ཡང་། སྒྲ་རྟོག་གིས་བཞག་པ་ཙམ་གྱི་དེ་ཉིད་མ་མཐོང་བས་བདེན་མེད་རྟོགས་པ་ཚིག་ཙམ་དུ་སོང་བ་ནི། ཡུམ་མདོའི་འགྲེལ་ལས། མདོར་ན་རང་རྒྱུད་པས་རང་ངོས་ནས་གྲུབ་པ་སོགས་མ་ཁེགས་ཏེ། ཡོད་པ་ཐམས་ཅད་བརྟགས་དོན་བཙལ་བའི་ཚེ་རྙེད་རྒྱུ་ཡོད་པར་འདོད་པའི་ཕྱིར་ཞེས་གསུངས། དེས་ན་རང་ལུགས་རོལ་པ་སྐྱེ་མཆེད་པ་དང་རང་རྒྱུད་པ་གཉིས་དབང་པོ་རྣོ་རྟུལ་དང་། ཤེས་རབ་ཟབ་ཞན་གྱིས་ཕྱོགས་གཉིས་པོས་ལྟ་བའི་དགག་བྱ་འཇོག་ཚུལ་ལས་དཔག་སྟེ་དོན་གཅིག་ཏུ་ཡིན་མིན་རགས་ཙམ་མཚོན་ནུས་པར་སེམས།
༧ ད་དུང་ཐལ་འགྱུར་བ་དང་མཚན་མ་ཀུན་བྲལ་བར་བསམ་པར་བྱ་བ་འདི་ཡོད་དེ། ལུགས་གཉིས་ཀས་བདེན་གྲུབ་དང་རང་བཞིན་གྲུབ་པ་དགག་བྱར་འཇོག་ཚུལ་ཁྱད་པར་མེད་ནའང་། ཐལ་འགྱུར་བས་རིག་པའི་དགག་བྱ་ལ་མེད་པའི་ཁྱབ་པ་སྟེ། ཡོད་ན་དགག་མི་ནུས་པའི་ཕྱིར་ཞེས་དང་། སྣང་བ་འགོག་པའི་དབུ་མ་བ་མེད་དེ། འཁྲུལ་པའི་ཉེས་པ་སྣང་ཙམ་ལས་མི་འབྱུང་བས་བཀག་མི་དགོས་ལ། འགོག་ཀྱང་མི་རུང་སྟེ་ལས་འབྲས་ཀྱི་འཐད་པ་འཇོག་སའི་གཞི་མེད་པར་ཆད་མཐར་ལྷུང་བས་ན་བརྟགས་པ་ཁོ་ནར་འགོག་པར་འདོད་དེ། ཤེས་བྱ་ཀུན་ཁྱབ་ལས། ཆེད་ཀྱིས་བཀག་ན་ཉེས་པ་ཡང་འགྱུར་ཏེ། སྣང་བ་བཀག་ན་སྟོང་ཉིད་དངོས་པོ་མེད་པའི་དོན་ཅན་དུ་འགྱུར་ཞིང་། སྟོང་ཉིད་སྒོམ་པའི་རྣལ་འབྱོར་པའམ་ཅང་མེད་ཀྱི་བཀག་པ་ཡིད་ལ་བྱེད་པས་ཆད་མཐར་ལྟུང་བའི་ཕྱིར་རོ། །དེ་བས་ན་ཀུན་བརྟགས་པ་འབའ་ཞིག་འགོག་པར་བྱེད་དེ་ཞེས་དང་། དེས་ན་དབུ་མ་པས་དགག་བྱ་བརྟགས་པ་ཁོ་ན་ཡིན་ལ་ཞེས་དང་དབུ་མའི་ཟིན་བྲིས་ལས་དེ་དང་མཐུན་པར་གསལ་བས་སོ། །
༧མཚན་མ་ཀུན་བྲལ་བའམ་མཚན་མ་འགེགས་པ་བ་ལྟར་ན་རིག་པའི་དགག་བྱ་ལ་ཡོད་མེད་ཆ་གཉིས་ཏེ། སྣང་བ་རྐྱང་པར་འཇོག་ཚེ་ལས་འབྲས་ལྟོས་མེད་དུ་ཐལ་བ་དང་། བརྟགས་པ་ཁོ་ནར་འགོག་ན་སྣང་བའི་ཕ་ལོག་ནས་བདེན་དངོས་ཤིག་གཞི་སྣང་བའི་སྟེང་དུ་འགོག་དགོས་པས། དཔེ་ཆུ་དང་རླན་སོ་སོར་འབྱེད་པ་བཞིན་དུ་འགྱུར་བ་དང་། སྣང་སྟོང་ཟུང་འཇུག་གི་དོན་ལས་རིང་དུ་སོང་བར་ཟད་པས། སྣང་བ་དང་བདེན་དངོས་ཀྱི་ཚོགས་དོན་དེ་ཉིད་འཇོག་དགོས་པ་ནི། ཐེག་འགྲེལ་ལས། དེའི་ཚད་མས་སྣང་བ་སྣང་ཚད་དང་། སྒྱུ་མ་དང་སྣང་བ་ཡང་དག་ཏུ་འདོད་པ་ལ་སོགས་ཀུན་འགེགས་ཞེས་དང་། གལ་མདོ་དྲི་མེད་གསལ་སྒྲོན་ལས། ཁ་ཅིག་གིས་བདེན་དངོས་འགོག་གི སྣང་ཙམ་མི་ཁེགས་ཏེ་མངོན་དུ་གྲུབ་པའི་ཕྱིར་ཟེར་བ་ནི་མ་ཡིན་ཏེ། དེ་ལྟར་ན་བདེན་དངོས་རང་དུ་ཡང་མི་ཁེགས་པར་འགྱུར་ཏེ། དངོས་པོར་འཛིན་པའི་བློ་ལ་གྲུབ་པ་དང། སྣང་ཙམ་དོན་དུ་གྲུབ་པར་འགྱུར་རོ། །དེས་ན་བདེན་དངོས་ལྟ་ཨ་ཅང་ཆེ་སྟེ། སྣང་བ་ཡང་ཡིན་པའི་བདེན་དངོས་ཀྱི་ཚོགས་དོན་ནོ། །ཞེས་དང་། ཐལ་བས་བདེན་པ་གཉིས་ཀ་འགོག་གོ་གསུངས་པ་ནི་རང་ལུགས་མཚན་མ་ཀུན་བྲལ་ལ་དགོངས་པར་སེམས། ཆད་མཐའི་སྐྱོན་གྱིས་གོས་པ་མེད་དེ། ཐར་འཁོར། ལས་འབྲས། བདེ་སྡུག སྐྱོན་ཡོན། དཀར་དམར་ཐམས་ཅད་རིག་པས་མ་བརྟགས་པར་ཐ་སྙད་ཚད་མའི་ངོས་རེར་འགག་མེད་དུ་སྣང་བ་ཡོད་ཡོད་པོ་ཡིན་པའི་ཕྱིར། དེ་ལྟར་རང་ལུགས་གཡུང་དྲུང་སེམས་དཔའ་བའི་རོལ་མཚན་གཉིས་ཡོངས་སུ་གྲགས་པའི་དབུ་མ་ཐལ་རང་གཉིས་དང་ཆ་འགའ་འདྲ་བ་རྒྱུ་མཚན་གྱིས་ཕྱོགས་ཀུན་ནས་མཚུངས་པ་པའམ་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་པ་ནི་ཅུང་མི་རིག་པར་སེམས་ཏེ། མ་རིག་ངོས་འཛིན་ལས། འོན་ཀྱང་རོལ་པ་སྐྱེ་མཆེད་པ་དང་མཚན་མ་ཀུན་བྲལ་བ་གཉིས་དབུ་མ་ཐལ་རང་གི་གྲུབ་མཐར་སྦྱར་བ་ནི་བོན་རང་ལུགས་ཀྱི་ཡིག་ཆ་ཁུངས་མའི་ཕུག་ལ་གཏུགས་ནས་ཡིན་མིན་གང་ལྟར་ཡང་། དེང་དུས་བོད་གངས་ཅན་དུ་ཡོངས་སུ་གྲགས་པའི་ཚུལ་རྣམས་རྟོགས་པའི་ཆེད་དུ་བཀོད་པ་ཡིན་པ་མངོན་ཞེས་དང་། རོལ་པ་སྐྱེ་མཆེད་པ་དང་མཚན་མ་ཀུན་བྲལ་བ་གཉིས་ཀྱི་ལྟ་བའི་འདོད་ཚུལ་ཐལ་རང་དང་མཚུངས་པ་ཆ་འགའ་ཞིག་བྱུང་བས་དེ་དང་མིང་དོན་གང་ས་ནས་མཚུངས་དགོས་པའི་རྒྱུ་མཚན་ཡང་ལྟོས་ཆུང་ངོ། །ཞེས་དང་། དཀའ་ཐུབ་རྣམ་བཤད་ལས། ཚུལ་འདི་རྣམས་བོད་ཡུལ་དུ་བོན་གྱི་འགྲེལ་མཛད་རྣམས་ཀྱིས་གཅིག་རྗེས་གཅིག་བཤུས་ཀྱི་ཡིག་ཆ་མང་དུ་འཕེལ་ཡོད་ཀྱང་ཕུག་ཁུངས་བརྟན་པོའི་གཞུང་འགྲེལ་གཏུགས་ས་ངེས་པ་ཙམ་ཡང་མ་བྱུང་ཞིང་། དེ་ལྟར་ཞིབ་པའི་གཞུང་བཤད་ཀྱི་ཁ་གསལ་དང་འགྲེལ་མཛད་པའི་གཞུང་སོགས་དམིགས་བསལ་དུ་ཕྱོགས་འདིར་ཡོད་བཟོ་མི་འདུག་པས་བཀའ་གཡར་ཞུས་པ་མངོན་ནོ་ཞེས་༧ངེས་པ་དོན་གྱི་མ་ཧ་པན་ཏྲི་ཏ་ཆེན་པོ་སྐྱབས་རྗེ་སྨན་རིའི་སློབ་དཔོན་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེས་ཆུ་བས་སླ་བ་དང་། ཕྱེ་བས་ཞིབ་པ་གཏིང་བཤད་གསེད་དཀྲོལ་གནང་བ་འདིས་མ་འཐུས་པ་མེད་ནའང་། གལ་པོ་ཆེ་ལ་ནན་ཏན་ཚུལ་དུ་རང་བློར་འདྲིས་པའི་ཆེད་དུ་ཤར་ཚོད་ཙམ་བཀོད་པ་ལགས་སོ༎
༧ རོལ་མཚན་ཐལ་རང་ཕན་ཚུན་བར། །མི་མཐུན་དགག་བྱ་འགེགས་པའི་ཚུལ༎
ཅུང་ཟད་སྨྲས་འདི་མཁས་གྲལ་དུ། །འཚང་ཁ་མ་ཡིན་སྣང་འཆར་ལགས༎
༧ སྐྱོན་གྱིས་མ་གོས་མི་བུ་ཞིག །ལོ་ཀའི་ཁམས་སུ་དབེན་པས་ན༎
ལྷག་ཏུ་ཁོ་བོས་འབད་དོན་འདིར། །སྐྱོན་བྲལ་གཏམ་ཞིག་ཡིན་སྙམས་མེད༎
༧ ལེགས་བཤད་ལུང་རིག་སྒྲོག་པའི་ལྡིང་ཁང་དབུས༎
ཨ་ཁུ་ངུར་སྨྲིག་བཀླུབས་པའི་གྲལ་མཐར་རུ༎
ཨ་རོག་དུག་ལྔས་འཕྱན་པའི་མདོ་ཤོར་བ༎
ཤེར་བསྟན་མིང་པས་སྣག་ཤོག་ཕུང་བྱེད་སྦྱར༎
- ཟིན་ཐོ་གོང་མ།སྤྲོ་དགའི་ཀློང་ནས་རྡོལ་བའི་རྟོགས་བརྗོད་ངག་གི་ཟེགས་མ།
- ཟིན་ཐོ་འོག་མ།༄༅།།ལྗང་ཤོད་བོན་དགོན་གསས་གདོང་གཡུང་དྲུང་གླིང་གི་བྱུང་བ།