སེམས་ཁོང་ནས་མེར་བའི་ཞལ་ཏ་དྲོན་མོ།
མང་འདུས་དད་འབངས་ཀྱི་གོང་ན། །
བསྙེན་དང་བཀུར་སྟི་ཡིས་བཏེགས་པའི། །
བླ་སྤྲུལ་བཤེས་གཉེན་གྱི་ཚོགས་ཀྱིས། །
གྲུབ་མཐའི་ཕྱོགས་ཞེན་དེ་མ་བསླངས། །
ཕུ་ནུ་ནང་འཁྲུག་གི་གཞི་ཡིན། །
འདི་དང་ཕྱི་མ་ལ་ཕན་པའི། །
ཁ་ཏ་སློབ་གསོ་ཞིག་ཡོད་ན། །
དགོས་པའི་ནམ་ཟླ་ལ་སླེབས་ཀྱང་། །
ཕུ་མདའ་ལ་དཀྲུག་གི་ཆོས་བཤད། །
མི་རིགས་ཕུང་སྦྱོར་གྱི་ལས་ཡིན། །
དམར་སེར་ངུར་སྨྲིག་གིས་མཛེས་པའི། །
ཨ་ཁུ་བཙུན་ཆུང་གི་གཞོན་ནུ། །
ལང་ཚོ་བློ་རིག་དེ་བཀྲ་དུས། །
ཁྱིམ་ཐབས་འདུ་འཛི་ལ་མ་དད། །
ཟིན་མེད་སྡུག་བསྔལ་གྱི་གཞི་ཡིན། །
དམངས་ཀྱི་སྐྱིད་སྡུག་ལ་ལྟ་བའི། །
ཨོ་ལོ་སྡེ་བ་ཡི་དཔོན་པོ། །
རྒྱུ་ནོར་ལྟག་སྒོ་དེ་ཆེ་ཆུང་། །
ལས་འབྲས་ཁྱད་གསོད་རང་མ་བྱེད། །
རྒྱལ་དམངས་གཉིས་ཕུང་གི་རྐྱེན་ཡིན། །
ཞིང་འབྲོག་ན་གཞོན་གྱི་ཕོ་མོ། །
དབྱར་རྩྭ་དགུན་འབུ་དེ་ཡོད་དུས། །
ཉིན་རེ་ཆ་ལུགས་རེ་སྒྱུར་ཏེ། །
རྒྱ་གྲོང་སོ་ཉུལ་དེ་མ་བྱེད། །
བྱད་ཁ་དབུལ་འདྲེ་ཡི་གཞི་ཡིན། །
ཆེ་ཆུང་སློབ་གྲྭ་ལ་འགྲིམ་པའི། །
ཨ་མའི་བུ་ཕྲུག་གི་ཚོགས་རྣམས། །
ཨ་ཕའི་སྐད་ཡིག་དེ་བསྐྱུར་ནས། །
གཞན་རིགས་ཤེས་ཡོན་ལ་མ་བརྩོན། །
མིའི་རིགས་བླ་བཙོང་གི་ལས་ཡིན། །
དབུ་ནག་བོད་པ་ཚོའི་ཤེས་རིག །
སྐད་ཡིག་སློབ་བརྩོན་གྱི་འོས་འགན། །
ཡ་ཀི་སེར་མོ་རང་མ་བསམ། །
རྩམ་གཟན་མི་བུ་ཞིག་ཡིན་ནས། །
ཀུན་ལ་འཁྲི་བ་ཞིག་ལོས་ཡིན། །
ཁ་བ་བུ་ཡུག་གི་འཚུབ་མའི། །
ཕྱི་དགྲ་འཁྱག་རོམ་དེ་དམ་ཞིང་། །
ནང་དབྱེན་འཁུན་སྒྲ་དེ་རྒོད་པས། །
མཚམས་མེད་སྡུག་བསྔལ་གྱི་བརླབ་ཕྲེང་། །
ཡངས་པའི་རྒྱ་མཚོ་རུ་འདྲེས་སོང་། །
- ཟིན་ཐོ་གོང་མ།དྲན་གདུང་གི་སྨོན་ཚིག།
འདུག
ཁྱུངཿཁྲི་རྒྱལ་ནས།