དྲན་གདུང་གི་སྨོན་ཚིག།
མཐོ་གངས་རི་དཀར་པོའི་རྩེ་མོ་ནས། །སེར་ཁྱིལ་ལེ་ཉི་མ་ཤར་བའི་ཚེ། །
རྗེ་མཁ༷ན་སློ༷བ་གཤེ༷ན་གསུམ་སྙིང་ནས་དྲན། །སྐུ་མི་འགྱུར་ཁྲི་ལོར་བརྟན་པར་ཤོག །
སྤང་གཡུ་ཤུག་འདྲེས་མའི་ཁོང་གསེང་ནས། །སྙན་ལྷང་ལྷང་ཁུ་བྱུག་གྲགས་པའི་ཚེ། །
མགོན་བླ་མའི་གདམས་ངག་དུང་དུང་དྲན། །གསུང་ཚངས་དབྱངས་འགག་པ་མེད་པར་ཤོག །
མཛེས་རྩི་ཐོག་བྱུང་ལྡེམ་གཡང་ར་ན། །འུར་དིར་དིར་བུང་ཚོགས་འདུས་པའི་ཚེ། །
གཤེན་འདུས་པ་རྒྱ་མཚོ་སེམས་ནས་དྲན། །སད་སེར་བའི་གློ་དགྲ་མི་ཡོང་ཤོག །
མཚོ་མ་པང་གཡུ་མཚོའི་ཀློང་རུམ་ནས། །བྱ་ངང་སེར་རྩེད་འཇོར་རོལ་བའི་ཚེ། །
འདྲིས་ཆེ་བའི་གྲོགས་པོ་ལྷང་ལྷང་དྲན། །ནང་བརྩེ་དུང་མཚོ་མོ་མི་སྐམ་ཤོག །
ཞིང་འབྲོག་སྡེའི་ཕ་ཁྱིམ་སྨུག་པོ་ནས། །ལག་སེར་ཁས་གང་བའི་ཚུལ་མཐོང་ཚེ། །
སྨན་མ་སྲུའི་ལས་དབང་ཁོང་ནས་དྲན། །སྡུག་ཉམ་ཆུང་འཕྲང་ལས་ཐར་བར་ཤོག །
གྲང་བསིལ་བསིལ་ལྷག་པའི་ངད་ལྡང་ཞིང་། །དགུན་ཕྱི་བ་སྒོམ་ལ་ཞུགས་པའི་ཚེ། །
ཕ་རིག་འཛིན་གོང་མའི་རྣམ་ཐར་དྲན། །བུས་ཐོས་བསམ་སྒོམ་པ་མཐར་ཕྱིན་ཤོག །
ལྷོ་རྒྱ་རྫོང་ནགས་ཀྱི་འདབས་རོལ་ནས། །སྟག་དམར་ཡག་འཛུམ་དྲུག་ངོམ་པའི་ཚེ། །
སྟོབས་དཔའ་མཛངས་ཅན་གྱི་ཕོ་རྒོད་དྲན། །དཔལ་སྒྲ་བླ་དགུང་ལས་མཐོ་བར་ཤོག །
དགུང་ཨ་སྔོན་ཡངས་པའི་མཐོང་རུམ་ནས། །ཁྲ་ཚུབས་སེ་སྐར་ཚོགས་བཀྲ་བའི་ཚེ། །
བོད་ཆོལ་གསུམ་སྤུན་ཟླ་ཡིད་ནས་དྲན། །སྡུག་ནད་མུག་མཚོན་འཁྲུག་མི་འབྱུང་ཤོག །
མདོ་ཆུ་མིག་མཚོ་དང་མཚེའུ་ནང་། །མཛེས་ལྟོ་དཀར་ཉ་མོས་རྐྱལ་མཐོང་ཚེ། །
ནང་མི་མཐུན་སྤུན་ཟླའི་ལས་དབང་དྲན། །མཐུན་ལ་རྒྱའི་དཔུང་བ་བརྟན་པར་ཤོག །
དགུང་དགུ་ཚིགས་སྐྱ་བོའི་ལམ་སོ་ནས། །བཀྲ་ལམ་མེ་སྨིན་དྲུག་བགྲོད་པའི་ཚེ། །
ངའི་མི་ཚེའི་མདུན་ལམ་རིང་མོ་དྲན། །བཀག་བར་ཆད་མེད་པའི་བཀྲ་ཤིས་ཤོག །
༢༠༡༢། ༡༡། ༡༢ ཉིན་ངལ་གསོའི་སྐབས་སུ་བྱ་ཟེར་བྲིས།
- ཟིན་ཐོ་གོང་མ།ཚད་མའི་རིག་སྒྲ་མཇུག་གྲོལ་བའི་གནས་བསྡུས།
- ཟིན་ཐོ་འོག་མ།སེམས་ཁོང་ནས་མེར་བའི་ཞལ་ཏ་དྲོན་མོ།
ཁྱུངཿཁྲི་རྒྱལ་གྱིས།