དེ་ནས་རིག་པའི་ཁྱེའུ་ཆུང་གིས་སྨྲས་པ། །མི་གཙང་རྫས་ངན་རྐྱལ་པ། །སྡུག་བསྔལ་འཁོར་བའི་གཏོད་ཕུར། །ངན་པའི་མགོ་བོ་མ་མཐོ། །ངན་ཤག་བཟང་ལ་མ་འགྲན། །དགོས་མེད་སྨྲ་བ་མ་མང་། །རྒྱུས་མེད་གཏམ་བྱེད་མ་མཁས། །མ་རབས་མཐོ་སར་བཞག་ནས། །མཐོ་སར་དམའ་སར་མཆོང་ཡོང་། །མི་གཙང་ཐལ་དོང་སྦས་ཡང་། །ནམ་ཕུག་དྲི་ངན་བྲོ་ཡོང་། །ང་རིག་པའི་ཁྱེའུ་མེད་ན། །བམ་པོ་ས་རྡོ་རེད་པས། །ཁྱེད་ལ་ཡོན་ཏན་ཅི་ཡོད། །བསྐལ་སྟོང་སངས་རྒྱས་ངོ་བོ། །རིག་པ་ཡེ་ཤེས་ཡིན་པ། །གཟུགས་རྒོག་ཁྱེད་ཀྱིས་ཨེ་ཚོར། །བསྐལ་སྲིད་འབྱུང་བའི་སྣོད་བཅུད། །ཆགས་གནས་འཕེལ་འགྲིབ་བྱེད་ལས། །ཡེ་སྲིད་རིག་པའི་ཁྱེའུ་ཆུང་། །སྨོན་ལམ་ཡིན་པ་ཨི་གོ །སངས་རྒྱས་སེམས་ཅན་ཞེས་བྱ། མཐོ་རིས་ངན་སོང་བདེ་སྡུག རྟོགས་དང་མ་རྟོགས་ཁྱད་པར། །རིག་པའི་ཁྱད་པར་ཡིན་པ། རྫས་ངན་རྐྱལ་པས་ཨི་གོ །ང་རིག་པའི་ཡེ་ཤེས་མེད་ན། །ཁྱེད་ལ་ཡོན་ཏན་ཇི་ཡོད། །མིག་གཉིས་ཡོད་ཀྱང་ལོང་བ། །བྱ་རོག་མཆུ་བསྐོར་བྱེད་རྒྱུ། མ་རིག་གཏི་མུག་རྩ་བ། །རྣ་གཉིས་ཡོད་ཀྱང་འོན་པ། །བཟང་ངན་མི་ཤེས་གླེན་པ། །ཉོན་མོངས་ང་རྒྱལ་རང་བཞིན། །སྣ་གཉིས་ཡོད་ཀྱང་སྟོང་པ། །རྫས་ངན་དྲི་སྣོམ་མཁས་པ། །འདོད་ཅིང་ཆགས་པའི་ལོ་མ། །ལྕེ་ནི་ཡོད་ཀྱང་ལྐུགས་པ། །ཤ་ཁྲག་སྲེད་པའི་སྲིན་པོ། །མི་བདེན་རྫུན་གྱི་སྒོ་མོ། །ལག་གཉིས་ཡོད་ཀྱང་ཤེས་མེད། །བྱ་བྱེད་སྤྱོད་པ་མང་བ། །མ་བྱིན་བླང་པའི་རྐུན་མ། །གསང་བའི་མཚན་མ་ཡོད་ཀྱང་། །ཁྲེལ་མེད་འདོད་ཆགས་ཕུང་པོ། །མི་གཙང་སྤྱོད་པའི་གཞི་མ། །རྐང་གཉིས་ཡོད་ཀྱང་ཞ་བོ། །འགྲོ་ཞོར་སྲོག་ཆགས་བསད་པ། །མི་དགེ་སྲོག་གཅོད་མཁན་པོ། །གྲོད་པའི་ཕོ་བ་བཀྲེས་ནས། །སངས་རྒྱས་དཀོར་ལ་རློམ་ཞིང་། །ཕ་མའི་ཉིང་ཤ་བཟའ་བ། །མངོན་རྒྱུག་སྲིན་པོའི་གཟུགས་ཅན། །ཕོ་བ་ཇ་མར་གང་ཞིང་། གཟུགས་བཞི་ཉི་མས་དྲོས་དུས། ཨོ་གཟབས་འཇིགས་མདོག་ཁག་པོ། །འབྱུང་ལྔ་ནད་ཀྱིས་ཟིན་དུས། །སྡར་མ་ཝ་དང་འདྲ་བ། སྐད་ངན་འབོད་ཙེར་བཏང་མཁས། །ཁྱེད་ལ་ཡོན་ཏན་ཇི་ཡོད།
རིག་པའི་ཁྱེའུ་མེད་ན། །མཚན་བཟང་དཔེ་བྱད་བརྒྱན་ཞིང་། །ངེས་པའི་ཐོ་ཡིག་ཡོད་པ། ཐབ་ནང་མེ་ཤིང་བུད་ནས། དུད་པ་ཁང་རྒྱབ་ལོས་ཡོང་། །ཡོན་ཏན་རིག་པའི་རང་རྩལ། །ཁྱེད་ལས་བྱུང་བ་མ་ཡིན། །ཁྱེད་ནི་ས་རྡོ་ཡིན་མོད། །རྡོ་ལ་སྒྱེད་བུ་བཙུག་ཆོག །ཁྱེད་ལས་སྒྱེད་བུ་ཉེས་ཙམ། །རྡོ་ལས་གཟུགས་ཁྱེད་སྡུག་ཡོད། །ས་རྡོར་བཀྲེས་སྐོམ་མི་འདུག །ཁྱེད་ནི་བཀྲེས་སྐོམ་རང་བཞིན། །ཡི་དྭགས་གྲོང་ཁྱེར་ངོ་མ། །ལྷབ་ལྷུབ་གོས་དར་བརླགས་མཁན། །འབྲུ་ཕྱེ་ཇ་མར་བཟད་མཁན། །ཡོད་ལ་མེད་པ་བཟོ་མཁན། །དབུལ་འདྲེ་བསེ་རག་ཁྱེད་ཡིན། །ཁྱེད་ལ་ཡོན་ཏན་ཇི་ཡོད། །དགོས་མེད་སྣང་བ་མཐོན་པོ། །ཡག་ཡག་མཛེས་མཛེས་ཆེན་པོ། །ཁྱེད་ལ་ཡག་མཛེས་ཇི་ཡོད། །ཐ་མ་རུས་པ་སྤར་གང་། །སྐྱིད་པོ་གདན་ཐོག་བཞུགས་དུས། །རང་ཆེ་དྲེགས་པ་ཆེན་པོ། །སྙིང་རྗེ་མེད་པའི་བདུད་རྒན། །སྡུག་པོ་སྤྲང་འབྱམས་རེད་དུས། །སྤྲང་སྒྱེ་དབྱུག་པ་ཁུར་ནས། །སྤྲང་ཟས་སྦང་མ་བཟའ་ཞིང་། །སྤྲང་གླུ་མ་ཎི་བླང་མཁན། །སྐྱིད་སྡུག་ཇི་བྱེད་ཐམས་ཅད། །རིག་པའི་རྒྱལ་པོ་ང་དབང་། །ཁྱེད་ལ་དབང་སྐལ་ཇི་ཡོད། ཁྱེད་ལ་དབང་སྐལ་ཡོད་ན། །ཐམས་ཅད་བཟའ་དགོས་བསམ་ཞིང་། །དམྱལ་བའི་དོང་ལ་ཁྲིད་ངེས། །དུས་གསུམ་སངས་རྒྱས་ཐམས་ཅད། །ཐུགས་བསྐྱེད་སྨོན་ལམ་མཛད་ནས། འགྲོ་དོན་མཛད་པ་ཡིན་འདུག །དགྲ་བཅོམ་སྟོན་པ་གཤེན་རབ། །བོན་གྱི་འཁོར་ལོ་བསྐོར་བ། །རིག་པའི་ཡེ་ཤེས་ཡིན་འདུག །ཉོན་མོངས་དགྲ་ཚོགས་བཅོམ་མཁན། །རིག་པའི་ཡེ་ཤེས་ཡིན་འདུག །སྐུ་གསུམ་རྫོགས་པའི་སངས་རྒྱས། །སེམས་ཉིད་སྤྲོས་བྲལ་ཡིན་པ། གཟུགས་ཕུང་ཁྱེད་ཀྱིས་ཨེ་ཚོར། མ་རབས་གྲོགས་ཀྱི་སྤྱོད་པ།
ཁྱེད་ལ་ཡོན་ཏན་ཇི་ཡོད། །གཟུགས་ཕུང་འབྱུང་ཁམས་དབང་པོ། །ཡེ་ཤེས་ལྔ་རུ་བསྒྱུར་མཁན། །རིག་པའི་རྒྱལ་པོ་ང་ཡིན། །ཁྱེད་ལ་ཡོན་ཏན་བརྒྱན་ནས། །འགྲོ་ཀུན་མཆོག་ཏུ་བཀུར་བ། །རིག་པ་ང་ཡི་དྲིན་ཡིན། །དྲིན་ལན་རྗེས་སུ་མི་ཁུར། །དགོས་མེད་ཧམ་པ་ཆེན་པོ། །ཁྱེད་ལ་ཤེས་རིག་ཇི་ཡོད། །གཟུགས་ཕུང་ཁམས་ཁྱེད་མེད་ན། །ང་ལ་སྐྱེ་འཆི་གར་ཡོད། །ཡེ་ཉིད་སྐུ་གསུམ་ལྷུན་གྲུབ། །གདོད་ཉིད་མ་བཅོས་བོན་སྐུ། །འཁོར་འདས་ཀུན་གྱི་རྒྱལ་པོ། །སངས་རྒྱས་ཀུན་གྱི་གཙོ་བོ། །སེམས་ཅན་ཀུན་གྱི་ཕ་མ། །གཡུང་དྲུང་བོན་གྱི་འབྱུང་གནས། །དམ་པ་ཆོས་ཀྱི་སྒྲོན་མེ། །ང་ལས་ལྷག་པ་སུ་ཡོད། །སྐྱེ་འགག་མཐའ་དང་བྲལ་ཞིང་། །དུས་གསུམ་སྔ་ཕྱི་མེད་པ། །ཀུན་ཏུ་བཟང་པོའི་རང་བཞིན། །གར་འགྲོ་རང་དབང་ཆེ་བས། །ཐོགས་མེད་སྤྲུལ་པ་འགྱེད་ནས། །མ་ངེས་ཅི་ཡང་བྱེད་ཆོག །སངས་རྒྱས་ཟེར་བའི་གྲགས་ཆེ། །ཕ་རོལ་གཞན་དུ་མ་ཡིན། །རིག་པའི་རྒྱལ་པོ་ང་ཡིན། །གཟུགས་ཕུང་ཁྱེད་ཀྱིས་མཐོང་ངམ། །ཁྱེད་དང་ང་གཉིས་མི་འདྲ། །ངོ་བོ་ངེས་དོན་མི་འདྲ། །གནམ་དང་ས་ཙམ་ཁྱད་ཡོད། །ཡོན་ཏན་མ་ལུས་རྩ་བ། །གསེར་དང་བུང་བ་ཙམ་ཁྱད། །རིག་པ་རང་དབང་ཆེ་ནས། །ཁྱེད་དང་འགྲོགས་ནས་ཉེས་ཙམ། །གྲོགས་ངན་ཁྱེད་དབང་བཏང་ན། །དགོས་མེད་སྣ་ཚོགས་བྱེད་ངེས། །ཁྱེད་ལ་ཡོན་ཏན་ཇི་ཡོད། །རིག་པ་བདག་གིས་སྨྲ་ཆོག །མགོ་བོ་བྱ་བྲལ་སྤྲུ་ཕོར། །རྐང་དུང་ལྷ་འདྲེ་འབོད་སར། །པགས་པ་སྔགས་པའི་གཡང་གཞི། །ཤ་ཁྲག་དམ་རྫས་མཆོད་པ་ཅུང་ཟད་འགྲོ། །དེ་བས་ཁྱེད་ལ་ཡོན་ཏན་ཇི་ཡོད། །རོ་རྒོག་སྣང་བ་མ་མཐོ། །རང་སར་ཁ་རོག་སྡོད་ཅིག
ཅེས་ཟེར་ནས་བམ་རིག་གཉིས་སོ་སོར་རུ་སོང་ནས་རྩོད་པ་བྱེད་འདུག་པའི་སྣང་བ་ཞིག་ཤར་འདུག་དེ་ལས་བདག་གི་ལུས་སེམས་གཉིས་སྣང་གི་ཚུལ་དུ་བདག་ཉིད་ཡིད་འཁྲུལ་པ་རེད་བསམ་པ་ཞིག་བྱུང་ནས། ལུས་སེམས་གཉིས་མེད་གཅིག་ཏུ་སོང་ནས་རང་གི་ཉམས་ལ། སངས་རྒྱས་གོ་འཕང་བསྒྲུབ་པ་དང་། །འགྲོ་བའི་དོན་ཆེན་བྱ་བ་ལ། །ལུས་སེམས་ཟུང་དུ་མ་འཇུག་ན། །ལུས་སེམས་ཡ་བྲལ་སྤྱོད་པ་ཡིས། །བསྟན་པའི་དོན་ཆེན་མི་ནུས་སོ། ཞེས་སྙམས་པའི་ངང་ལ་སྣང་བ་དེ་ཡལ་སོང་། །