བསྟན་འགྲོའི་ཕམ་ཁ།
ལྗང་ཤེར་བསྟན།
ཁྱུང་ཡུལ་ཀུ་མུད་ཚལ་དུ། །མགོན་པོ་དུང་ཟླ་ཤར་ཡང་། །
མི་འདོད་སྤྲིན་པ་ནག་པོས། །ལང་ལོང་འོག་ནས་སྒྲིབ་སོང་། །
སྐྱབས་འོག་ཉེ་འཁོར་ཚོགས་ཀྱིས། །ཡར་འབོད་ལྷ་ལ་བོས་ཤིང་། །
མར་འབོད་ཀླུ་ལ་བོས་ཀྱང་། །བསླུ་བའི་ཐབས་ཤིག་མ་རྙེད། །
སྐུ་མཆོག་ཡིད་བཞིན་ནོར་བུ། །རང་རེའི་བསོད་ནམས་དཔལ་གྱིས། །
མ་ཐེག་ཞིང་གཞན་གཟིགས་པ། །བསྟན་འགྲོའི་ཕམ་ཁ་མིན་ནམ། །
ཉིན་བཞིན་དར་ཞིང་རྒྱས་པའི། །གདན་སའི་བསྟན་པའི་མགོན་དུ། །
མ་བཞུགས་མཁའ་སྤྱོད་ཕེབས་པ། །དགོངས་པས་བཟོད་པ་ལགས་སམ། །
ཁྱེད་སྐུ་གང་དུ་གཤེགས་ཤིང་། །གར་སྐོར་ཕྲིན་ལས་བདེ་ཡང་། །
ཉིད་ལ་ལྟོས་པའི་སྡེ་འབངས། །ཐུགས་བརྩེས་འདོར་བ་ཕོད་དམ། །
ཀྱེ་མ་དེང་གི་དུས་འདིར། །དམར་སེར་ངང་མོའི་ཚོགས་ལ། །
ཀག་དང་བར་ཆད་ཇེ་མང་། །ག་རེའི་རྐྱེན་གྱི་ཡིན་ནམ། །
རང་ཉིད་བསོད་ནམས་ཟད་དུས། །ལྷ་ལ་ལེ་ཁ་མིན་ཡང་། །
མ་གཡེལ་སྲུང་མ་རྣམ་དྲུག །དགྲ་ཟུན་མ་ནོར་ཀྱེ་ཀྱེ། །
- ཟིན་ཐོ་གོང་མ།༄དད་གདུང་གི་སྨྲེ་ངག།།
- ཟིན་ཐོ་འོག་མ།དཔོན་གསས་བླ་མའི་རྟོགས་བརྗོད།