༄དད་གདུང་གི་སྨྲེ་ངག།།
ཁྲོམ་.གནམ་ཐོག །
༧ སྤྱིར་ཞྭ་དཀར་བསྟན་པའི་མཛེས་རྒྱན་དང་། །
དགོས་ཁྱུང་སྟེང་འགྲོ་བའི་བསོད་སྐལ་དུ། །
སྐུ་མཚན་དཔེའི་དཀྱིལ་འཁོར་མངོན་ཤར་བའི། །
སྐྱབས་ཁྱུ༵ང་ཡུ༵ལ་བསྟ༵ན་པ༵འི་གཙུ༵ག་རྒྱན༵་མཁྱེན། །
གདུང་རིགས་རྒྱུད་དབྲ་སེར་ཁྱུང་ལས་གྲོལ། །
སྐུ་སྐྱེ་བ་ཟླ་གྲགས་ལྔ་པའི་མཚན། །
ཐུགས་དགོངས་ཉམས་མདོ་སྔགས་སེམས་ཀྱིས་ཕྱུག །
དོན་དངོས་ཀྱི་བླ་མ་ཁྱེད་མིན་སུ། །
རྗེ་ཁྱེད་ཀྱིས་ཐུགས་བསྐྱེད་བྱིན་བརླབས་མཐུས། །
ཁྱུང་སྟོད་སྨད་སྡེ་དགོན་གང་དག་ལ། །
དུས་བདེ་སྐྱིད་ཉི་མ་ཤར་བཞིན་པར། །
སྤྲིན་ནག་པོས་གློ་བུར་སྒྲིབ་འདི་སྐྱོ། །
ཁྱེད་བསྟན་འགྲོའི་དོན་ཆེན་འགྲུབ་པ་དང་། །
བདག་རྟག་འཛིན་ཅན་རྣམས་སུན་དབྱུང་ཕྱིར། །
སྐུ་མི་རྟག་འདའ་ཚུལ་བསྟན་ཆོག་མོད། །
ཤུལ་ལུས་པའི་འཁོར་ལ་མི་གཟིགས་སམ། །
ཐུགས་དགོངས་པ་གཞན་དུ་གཟིགས་པའི་ཉིན། །
འབངས་དད་ལྡན་ཕོ་མོའི་ངུ་སྒྲ་དང་། །
འཁོར་སློབ་བུས་གསོལ་འདེབས་སྨྲེ་ངག་སོགས། །
རྗེ་ཁྱེད་ཀྱིས་སྙན་ལ་མི་གསན་ནམ། །
བསྟན་ཐུགས་ལ་བཅང་བའི་བླ་སྤྲུལ་དང་། །
བོན་སྐྱབས་སུ་འཛིན་པའི་འབངས་ཀུན་ནས། །
སྤྱི་ཡོངས་ལ་གྱོང་གུད་ཐེབ་སོང་ཞེས། །
མགྲིན་གཅིག་གིས་བོས་པ་མི་དགོངས་སམ། །
དཔལ་ཀོ་རྒྱལ་ཀུན་གྲགས་གླིང་ཉིད་དུ། །
མང་བཤད་སྒྲུབ་འདུས་ཚོགས་རྒྱས་ན་ཡང་། །
རྗེ་བླ་མ་གཤེགས་པའི་ཚུལ་མཐོང་ན། །
མིག་འཆི་མས་མི་རླན་རང་དབང་ཅི། །
དུས་སྙིགས་མའི་རང་འཚང་ཕྱིར་མངོན་སྐབས། །
བསྟན་འཛིན་སྐྱོང་སྤེལ་བའི་བཤེས་གཉེན་རྣམས། །
བདུད་ཉེར་འཚེའི་བར་ཆོད་བརྩམས་པ་ལ། །
ལས་གཡེལ་བར་བཟོད་དམ་བསྟན་སྲུང་ཚོགས། །
སྤྱིར་བསྟན་དང་འགྲོ་བའི་བསོད་ནམས་ཀྱིས། །
ཅུང་མ་འདངས་ཚུལ་གྱིས་གློ་བུར་དུ། །
ཞིང་མཁའ་སྤྱོད་འཚོགས་གྲལ་ཕེབས་པ་འདིས། །
འཁོར་སློབ་བུས་སེམས་རྩ་ཆུ་ལས་གྲང་། །
ལུས་གུས་པས་ཐལ་མོ་ཁྱེད་ལ་སྦྱར། །
ངག་གདུང་བས་འོ་དོད་ཁྱེད་ལ་འབོད། །
ཡིད་སྐྱོ་བས་གསོལ་སྨོན་ཁྱེད་ལ་འདེབས། །
ཚོམ་གཅིག་འཁོད་རེ་འབོད་ཁྱེད་ལ་ཞུ། །
སྐུ་མཚན་དཔེ་རེ་ཞིག་བསྡུས་ན་ཡང་། །
ཐུགས་དགོངས་པས་འགྲོ་བ་མི་འདོར་ཕྱིར། །
འཁོར་དད་འབངས་ཡོངས་ཀྱི་རེ་ལྟོས་བཞིན། །
སླར་ཡང་སྲིད་གནས་འདིར་བྱོན་ཤིག་ཀྱེེ། །
སྐྱབས་མཆོག་གསུམ་བསླུ་མེད་བདེན་སྟོབས་དང་། །
དད་སྒོ་གསུམ་མོས་གུས་གསོལ་བཏབས་འཐུས། །
བདག་འདི་ནས་སྲིད་འཁོར་མ་སྟོང་བར། །
མགོན་ཁྱེད་ཀྱི་རྗེས་སུ་འཛིན་ནུས་ཤོག། །
༢༠༡༢ / ༤ / ༤ ཉིན་
གནམ་མཐོང་ཟླ་བའི་རྩེ་ནས་
དད་གདུང་འཆི་མས་
མིག་མཐའ་འཁོར་བཞིན་བྲིས་སོ།།
- ཟིན་ཐོ་གོང་མ།ཉེ་ཆར་ཉག་རོང་གོང་རྒྱལ་རི་ཁྲོད་དུ་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་ལུང་རྒྱུན་
- ཟིན་ཐོ་འོག་མ།བསྟན་འགྲོའི་ཕམ་ཁ།