ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁ་པར་གྱི་བསླུ་བྲིད་འོག་ཏུ་ཚུད་ན།  | 2013/4/25 0:07:00

ང་ཚོའི་ཁོར་ཡུག་ན་ཁ་པར་གྱིས་གནོད་སྐྱོན་འབྱུང་ལུགས།

སྔོན་ཆད་འུ་ཚོའི་ཁོར་ཡུག་ནི་ཇི་འདྲའི་དབེན་ཞིང་གཙང་བ་ཞིག་རེད་ཨང་། ཡར་ལྟོས་དང་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུའི་ཡར་སྔོན་དུ། བཤད་གྲྭ་བའམ་སློབ་གྲྭ་བ་རྣམས་ཀྱིས་ཤག་ལ་ནང་སྦྱོང་གི་སྐབས་སམ། བར་སྐབས་གཞན་རྣམས་སུ་ཡང་ལྟ་ས་ནི་དཔེ་ཆ་དང་། མཛད་སྤྱོད་ནི་དཔེ་ཀློག་གཅིག་པུ་དེ་མ་གཏོགས་གཞན་ཡེངས་འདུག་ས་ཞིག་ཡོད་རྒྱུ་མ་རེད་སྙམ། དེས་ན་ནན་སྦྱང་དང་བརྩོན་འགྲུས་ལྡན་པའི་ཁོང་རྣམ་པ་ནི། བསླབ་པ་གསུམ་གྱི་ཉམས་ལེན་དང་། འཁོར་ལོ་གསུམ་གྱི་བྱ་བ་འབའ་ཞིག་ལ་བརྩོན་པ་ཡིན་སྟབས། མཁས་བཙུན་བཟང་གསུམ་གྱིས་ཐུགས་རྒྱུད་གང་བའམ། མཁས་པའི་ཡོན་ཏན་གྱིས་པོད་ཏི་བཅུ་ཕྲག་མང་པོ་ཕྱི་རབས་ལ་རྗེས་བཞག་མཛད་ཐུབ་པ་དང་། གྲུབ་པའི་ཡོན་ཏན་གྱིས་ལུས་སེམས་ལྷ་རུ་བསྒྱུར་ཏེ་ཤར་ཚད་དག་པར་གཟིགས་ནུས་པ་དང་། རྟོགས་པའི་ལྟ་དགོངས་ཀྱིས་གདོས་ལུས་འཇའ་འོད་ཏུ་དེངས་ནས་ཚེ་གཅིག་ལ་རིག་པའི་རང་ས་ཟིན་པ་སོགས་འུད་བསྟོད་ཙམ་མ་ཡིན་པར་ནམ་གསལ་ཉི་མ་ཤར་ཤར་བྱུང་ཡོད་པ་རེད། འོན་ཀྱང་དེ་རིང་ཁར་སོང་ནི། དེ་ལྟ་བུའི་ནང་སེམས་ཁམས་ཀྱི་ཉམས་ལེན་དང་། དེ་འབྲེལ་གྱི་ནང་དོན་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་གི་གོ་ལམ་ནི་ལྡབ་བཅུ་འགྱུར་གྱིས་རྗེས་སུ་ལུས་འདུག་པ་འདིའི་རྒྱུ་རྐྱེན་གཅིག་ནི། བོད་པ་ཅོལ་ཆུང་ཚོ་ཕལ་ཆེར་ཕྱི་ཡི་འཕྲུལ་ཆས་འདྲ་མན་གྱིས་མགོ་སྐོར་འོག་ཏུ་ལོ་གྲངས་དང་ཟླ་གྲངས་མང་པོར་ཚུད་སོང་བའི་སྐྱོན་མིན་ནམ་སྙམ། འཕྲུལ་ཆས་དེ་རྣམས་ཀྱི་ནང་ནས་

འདིར་སྐྱོན་འཛུགས་བྱེད་ས་ནི་འབྲལ་མེད་ལུས་ལ་འཆང་བའི་ཁ་པར་དེ་ཡིན་པས། དེ་རིང་ངས་ཁ་

པར་ལ་གཅིག་བརྟག་ན། དང་པོ་ནམ་གསལ་དྭངས་པར་ལངས་པའི་སྐབས་སུ་ཡང་ན་བླ་མའི་རྣལ་འབྱོར་གྱི་སྒོ་ལ་འཇུག་དགོས་ནའང་། ཁྱོད་ནི་ངུ་ཁ་ལེན་མི་ཐུབ་པའི་ཕྲུག་གུ་ཆོ་ལད་ཅིག་དང་འདྲ་

བར་འུར་སྒྲ་ཟིར་ལྡིར་བཅས་རྣ་འགྲམ་ནས་གཅིག་གྲགས་ཡོང་དུས། ལམ་སེང་ཁྱོད་ལ་གཅིག་ཐུག་ནས་ཡང་ན་ཐག་རིང་གི་སྐད་ཆ་ཞིག་གམ་ཡང་ན་ཉེ་འཁྲིས་ཀྱི་རྐྱེན་ཆག་ཅིག་རྣ་བར་བླུགས་ནས་ཐུན་སྒོམ་རྒྱུ་ཕར་ཞོགས། ཉིན་གཅིག་ལ་བློ་མི་བདེ་བའི་གནས་སུ་བསྐྱུར་བ་གྲངས་ག་ལ་ཉུང་། ཡང་གླིང་ཟུར་གྱི་གུ་ཡངས་ས་ཞིག་ཏུ་འགྲོ་ནས་བློ་འཛིན་སྐྱོར་སྦྱོང་ཞིག་དགོས་ནའང་དང་ཐོག་ཁྱོད་མ་ཁྱེར་ན་དོན་ཡོད་ཀྱི་མི་ཞིག་གིས་དོན་ཞིག་སྤྲད་ཡོང་ན་འཁྱུག་ཉེན་ཆེ་བསམ་ནས་གློ་ཁུག་ཏུ་མ་བཅུག་ཀ་མེད་བྱུང་། དེ་ནས་མར་བསྡད་དེ་གཞུང་ཚིག་ངག་ཏུ་སྐྱོར་བར་རྩོམ་པའི་སྐབས། ཏིང་ཏིང་དང་ཟེར་རི་རི་་་་སོགས་ཀྱི་སྐད་ཅོལ་སྣ་ཚོགས་ཤིག་དང་ལྷན་དུ་བློ་ཡི་བག་ཕེབས་དེ་ཉིད་གར་སོང་འདི་སོང་མེད་པར་བསྒྱུར་ནས་བློ་འཛིན་སྐྱོར་སྦྱོང་ནི་ནམ་མཁའི་འཇའ་ཚོན་བཞིན་དུ་དེ་གར་ཡལ།

ཡང་ཚོགས་སུ་ཞུགས་ནས་སྒྲ་དག་ཚིག་གསལ་གྱི་སྒོ་ནས་བསྟོད་དབྱངས་གསོལ་འདེབས་སྣ་ཚོགས་

དབྱངས་སུ་གྱེར་བཞིན་ཡན་ལག་བདུན་པའི་བོན་སྤྱོད་ལ་འབད་དགོས་ཀྱང་།མི་དྲན་འདུག་སྒང་བྱིས་པ་ཆོ་ལད་ཀྱིས་ཕ་མ་ལ་ཟིང་བསྐུལ་བྱེད་པ་བཞིན། གློ་ཟུར་ནས་སྒྲ་དབྱངས་འདྲ་མ་འདྲེས་ཤིག་བསྒྲཌ་མཚམས་ངག་གི་འདོན་པ་ཡང་འཕྲོ་ཆད། ཡིད་ཀྱི་ཏིང་འཛིན་ཡང་བག་ལ་ཞ་བ་མ་ཟད། སྨྱོན་པ་ཞིག་དང་འདྲ་བར་གར་ཡིན་འདི་ཡིན་མེད་པར་གྲལ་གཞུང་དུ་གཟན་གྱིས་དབུ་གཏུམ་ནས་གཏམ་བཤད་ཤབ་མ་ཤུབས་ཤིག་ལ་ཡེངས་སུ་བཅུག་པ་དེས་ནི་གྲལ་གྱི་སྒྲིག་བཤིགས། ངག་གི་དབྱངས་བཤིགས། སེམས་ཀྱི་སྦྱང་བྱ་བཤིགས་པས་བསྟན་བཤིགས་ངོ་མ་ཞིག་ཡིན། མཚམས་མཚམས་སུ་དོན་ཡོད་དོན་མེད་ཅི་རིགས་ཀྱི་འབོད་སྐད་ཉན་ནས་ངག་འཁྱལ་སོགས་མི་དགེ་བ་སྣ་ཚོགས་རྡོ་སོལ་གྱི་གཏེར་ཁ་ཞིག་དང་འདྲ་བ་དེ་ཉིད་སྔོགས་འདོན་བྱས་ནས། བདེ་བདེ་སྐྱིད་སྐྱིད་མེད་པའི་གཟའ་ཉུབ་སུ་ལས་ཀྱང་ཉོབ་ཆེ་བ་འདྲ་ཞིག་བཟོས། ཡང་སློབ་ཁྲིད་ཀྱི་སྒོ་ནས་གཟུངས་སོ་ལ་འཛིན་ཤེས་པའམ་གདག་གོ་མིང་ཐོག་པ་ཞིག་དགོས་པའི་དུས་གལ་པོ་ཆེ་དེ་སྐབས་སུ། གློ་བུར་གྱི་འཕགས་ཚག་རྒྱག་ནས་རྒན་སློབ་ཚང་མར་དཀྲུག་དིར་རེར་བཟོས་ཏེ་ཉིན་དེ་གའི་སྦྱང་ཚན་རྣམས་ཐོལ་མ་གྱུ་ཞིག་ཏུ་བསྒྱུར། ཡང་ཤག་ཏུ་འདུག་ནས། ནང་སྦྱང་ཞེས་གོ་ལམ་ལ་དོན་རྙེད་པ་ཞིག་དགོས་པའི་སྐབས་སུ་ཡང་། ཐུག་མ་བཏང་ན་མི་བརྟན་པའི་གཡོ་འཁྲུལ་སྣ་ཚོགས་ཤིག་ཁྱོད་ལ་ཡོད་པ་དེའི་དབང་གིས། དང་པོ་གཅིག་སྒོ་ཕྱེ། གཉིས་པ་ནས་འཕྲིན་ཞིག་སྐུར། གསུམ་པ་ནས་སྒྱུ་མའི་གྲོང་ཁྱེར་ཞིག་དང་འདྲ་བར་རྩེད་ཆས་སྣ་ཚོགས་དེ་བེད་སྤྱད་ནས་ཆུ་ཚོད་བཞི་ལྔ་ཙམ་ཡང་གར་སོང་འདི་སོང་མེད་པར་ཡེངས་སུ་བཅུག་པའི་རྗེས་སུ་ཐོབ་ཡོང་རྒྱུ་ཞིག་དང་འདོད་པ་ཚིམས་འགྲོ་བ་ཞིག་དུས་ནམ་ཡང་མ་བྱུང་བས། ངོ་མ་བྱིས་པས་འཇའ་ཚོན་དེད་པའི་ལད་མོ་དེ་ཉིད་མ་ཚོར་བཞིན་དུ་བྱེད་བཅུག་མི་འདུག་གམ། དེ་ལྟར་ཉིན་རེར་སློབ་སྦྱོང་གི་དུས་ཚོད་བརྒྱ་ཆ༥༠ནས༩༠བར་ཅིག་རིགས་ཁ་པར་གྱིས་ཁྲོག་བརླག་བཏང་ཡོད་པ་བལྟས་ན་མཐོང་ཚོད་རེད་འདུག སློབ་གཉེར་བ་ཞིག་གམ་ལས་ཀ་བ་ཞིག་གི་ངོས་ནས་བསམ་ན། དུས་ཚོད་ནི་ཅི་འདྲའི་རིན་ཐང་ཆེ་ཆུང་གི་ཚད་རྒྱག་མི་ཤེས་པའི་ནོར་བུ་ཞིག་རེད། འཛམ་གླིང་གསེར་གྱིས་བཀང་ནས་ཉོ་དགོས་ནའང་ཁུག་རྒྱུ་མེད་པའི་ནོར་བུ་དཀར་ལ་འཚེར་བ་དེ་ཉིད། དོན་མེད་ཀྱི་རྩེད་མོ་ཞིག་གམ་ཐོབ་རྒྱུ་གང་ཡང་མེད་པའི་སྒྱུ་འཕྲུལ་ཞིག་ལ་བརྗེས་བཞག་ན་ཇི་འདྲའི་ཕངས་སེམས་མི་ཆེའམ། མ་ཟད་ན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཞེས་ཚེ་རབས་མང་པོའི་གོང་ནས་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་། སྦྱིན་སོགས་དགེ་རྩ་རླབས་པོ་ཆེ་ཡིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ནས་བྱུང་བ་ཞིག་མ་གཏོགས་དཔེ་རྒྱུ་གྲངས་གསུམ་གྱི་སྒོ་ནས་རྙེད་དཀའ་བའི་ལུས་རྟེན་དེ་ཡང་། གསར་བུ་ཞིག་ལ་མཚོན་ན་མིང་གི་ལྷག་མ་ཙམ་དུ་བསྒྱུར་བའི་བྱད་གཏེ་ཞིག་ནི་ཁ་པར་འདི་མིན་ནམ་སྙམ། གང་ཡིན་ཟེར་ན། དབང་པོའི་དྭངས་མ་མིག་གིས་ཁ་པར་གྱི་ངོས་ཤེལ་ཀློག་འོད་དེ་ལ་ལྟ་ཡུན་རིང་དྲག་ན། ཕལ་ཆེར་ལོ་རེ་གཉིས་ཙམ་གྱི་མཚམས་སུ། ཐལ་ཚུབ་ཀྱི་གསེང་དུ་ཚུད་པའི་མིག་བཞིན་ཆུ་གོར་རེ་བ་ཞིག་དང་དམར་ཙུམ་མེ་བ་ཞིག་ཡོང་རྒྱུའི་ཉེན་ཁ་ཆེན་པོ་རེད། དེ་བཞིན་རྣ་སྦུག་ཏུ་རྣ་ཉན་བཅུག་ཆེ་ན་མི་རིང་བར་རྣ་བའི་དབང་པོ་དེ་ཡང་འོན་འགྲོ་ཚོད་ཡིན་པར་དཔོག་སླ། དེ་ལྟར་གང་ཡང་ཐོབ་རྒྱུ་མེད་པའི་རྩེད་ཆས་ཤིག་བེད་སྤྱད་ནས་དལ་འབྱོར་མི་ལུས་ཀྱི་མཚན་ཉིད་ཉམས་ཉེས་སུ་བསྒྱུར་བཏང་ན་འོས་ས་ཨེ་རེད་གཅིག་ལྟོས། དཔེར་ན་དུད་ཚང་ཞིག་གིས་མི་རབས་མང་པོར་རྒྱུག་ཚེགས་ཀྱིས་འགྲོ་སོན་བཏང་ནས་བསགས་པའི་རྒྱུ་ནོར་རྣམས། ཁོང་ཚང་གི་བུ་ཆེན་དེས་དགོང་མ་གཅིག་ལ་བག་རྒྱན་ཤོར་སོང་ན་ཕངས་སེམས་ཅི་ཙམ་ཞིག་ཡོད་རྒྱུ་རེད། ན་ཚོད་གཞོན་ཞིང་དབང་པོ་གྲུང་ལ་རིག་པ་གསལ་བ། མ་འོངས་ཞང་བོད་རིག་གཞུང་འཚོ་སྐྱོང་བྱེད་མཁན་དུ་རེ་བའི་གཅེས་ཕྲུག་གསར་བུ་རྣམ་པ་ལགས། མེ་ཏོག་ཡར་ཚར་དང་འདྲ་བ་ཁྱེད་རྣམ་པའི་དྭངས་ཤིང་གསལ་བའི་དབང་པོ་དེ་དག རྒས་ལོང་མེད་པར་མིག་ལོང་། རྣ་བ་འོན་སོང་ན་དེ་བས་ཕངས་སེམས་ཆེ་བ་ཞིག་ས་སྒང་འདི་ཡི་ཐོག་ཏུ་ག་ལ་སྲིད། མ་ཟད་ཁྱེད་རྣམ་པའི་སློབ་གཉེར་གྱི་དུས་ཚོད་བཟང་པོ་དེའང་སློབ་གྲྭའི་ནང་ལ་འདུག་བཞིན་དུ་གར་ཟད་འདི་ཟད་མེད་པར་གྱུར་སོང་ན་དེ་བས་ཀྱང་གནོད་ཚབ་ཅི་ཆེ་གང་ཆེ་ཡིན་པས་ན་གཞོན་སློབ་གཉེར་བ་རྣམས་ཀྱིས་ལྷག་པར་དུ་གཟབ་དགོས་པ་ཞིག་རེད།  དེས་ན་དེང་རབས་ཅན་གྱི་ཉེར་སྤྱད་ཁ་པར་འདི་ཉིད་སྤྱོད་ལུགས་འོས་ཤིང་འཚམས་ལ་ཚོད་ཡོད་པ་ཕན་གནོད་གོ་ལྡོག་ཏུ་མ་སོང་བ་ཞིག་ཅིས་ཀྱང་བྱེད་དགོས་པའི་རེ་བ་ཆེ་ཞེས་སྙིང་ནང་གི་ཁྲག་དམར་པོ་དེ་མ་གཏོགས་ལྷད་གང་ཡང་མེད་པའི་རེ་ཞུས་ཡིན་པས་ཅིས་ཀྱང་བརྩི་འཇོག་གནང་རོགས་ཞུའོ། །

Re:ཁ་པར་གྱི་བསླུ་བྲིད་འོག་ཏུ་ཚུད་ན། | 2013/5/21 16:47:06
སྐུ་མགྲོན་OSJv40(སྐུ་མགྲོན)ཚེ་གང་རིག་གནས་བང་མཛོད་དེ་དམིགས་ནས་ཐོས་བསམ་ལ་བརྩོན་པས་ནུས་མཐུས་ཡིས།
འཆད་རྩོད་རྩོམ་གསུམ་འབུམ་ཕྲག་གི་ཕྱུག་པའི་གྲོགས་མཆེད་ཀྱི་གསུང་པའི་དཔྱད་རྩོམ་འདིས།
ཁྱེད་རྗེས་བསེྙག་པའི་ཅོལ་ཆུང་ཚོའི་མིག་སྔར་དངོས་ཡོད་ཀྱི་གནས་ཚུལ་ངོ་མ་བཤམས།
རྐང་གཉིས་འགྲོ་ལ་བསླབ་བྱ་ཡི་སྐུལ་སློང་གང་མང་སོགས་གནོང་བ་བཀའ་དྲིན་ཆེ།
ཚ་བའི་ཁྱུང་འབྲུག་སེང་གེ་ནས།
རྩོམ་པ་པོ།:སྐུ་མགྲོན་OSJv40(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཁ་པར་གྱི་བསླུ་བྲིད་འོག་ཏུ་ཚུད་ན། | 2013/4/26 12:28:49
སྐུ་མགྲོན་pTKw5B(སྐུ་མགྲོན)རྒན་བོན་སྨྱུག་ལགས་ཀྱིས་གསུངས་པ་དེ་དངོས་གནས་བདེན་ཁ་ཆེ་འདུག་ དཔེར་ན་ང་དང་ང་འདྲ་པོ་ལ་ཆ་བཞག་པ་ཡིན་ན་སློབ་སྦྱོང་གི་དུས་ཚོད་ཡིན་ཟེར་ནས་མེད་པས་ངལ་གསོའི་དུས་ཚོད་ཡིན་ཟེར་ནས་མེད་པ་ཉིན་ལྟར་བཞིན་ཁ་པར་ཁོ་ན་ལ་མགོ་འཁོར་བསྡད་ན་དངོས་གནས་དུས་ཚོད་ཁྲོག་བརླག་རེད་འདུགབྱ་བ་དེ་དག་ཐ་མ་རེད་འདུག་པས། གུས་པས་དེ་རིང་ནས་འགོ་བཟུང་སྟེ་སློབ་སྦྱོང་གི་དུས་ཚོད་དང་ཁ་པར་བེད་སྤྱོད་གཏོང་བའི་དུས་ཚོད་དེ་གཏན་འབེབ་བཟོ་བའི་དམ་བཅའོ། རྣམ་གཡེང་ལ་དགའ་བ་ནས།
གཤམ་དུ་བོན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
དེ་ལྟར་མཛད་ཡོང་ན་གུས་པའི་བསམ་དོན་དང་རྩོམ་འདིའི་དམིགས་འདུན་འགྲུབ་པ་ཡིན་པས་ཅིས་ཀྱང་དགའ་བསུ་ཞུ་ངེས་ཡིན། ཁྱེད་རྣམ་པའི་སློབ་སྦྱོང་ཡར་རྒྱས་འགྲོ་བའི་སྨོན་འདུན་སྙིང་ཁོང་ནས་ཞུའོ།
རྩོམ་པ་པོ།:སྐུ་མགྲོན་pTKw5B(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཁ་པར་གྱི་བསླུ་བྲིད་འོག་ཏུ་ཚུད་ན། | 2013/4/25 23:54:51
danzengyixi


ངོ་མ་གནད་ལ་ཕོག་པའི་རྩོམ་ཞིག་རེད་འདུག
སྔོན་མ་ང་རང་སློབ་གྲྭར་འདུག་སྐབས་ཁ་པར་སོགས་ཀྱི་ཆ་རྐྱེན་དེ་ཙམ་མེད་དུས་ཞོགས་སྔ་ལོང་དང་། དགོང་ཕྱི་ཉལ་གྱིས་སློབ་སྦྱོང་ལ་འབད་པ་དེ་ཚོ་གོང་རིམ་དགེན་ལགས་རྣམ་པས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་མྱོང་ལ། ད་ལྟ་བསམ་གཞིཌ་བྱེད་དུས་སྐབས་དེ་དུས་ཀྱི་སློབ་སྦྱོང་ལ་འབད་པ་དེ་ཡིད་སྨོན་སྐྱེ་ཡི་འདུག འོན་ཀྱང་མི་བུ་རང་ཉིད་ཚོད་དེ་མེད་དུས་ད་ལྟ་དུས་ཚོད་གང་མང་ཞིག་ཁ་པར་རམ་གཡེང་བའི་ལས་ཀྱིས་ཟད་འགྲོ་གིན། ངེས་པར་དུ་ཚོད་འཛིན་དགོས་འདུག
ལྷ་གཡག་དར་མས།
གཤམ་དུ་བོན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
ཁར་རྩངས་གང་དྲན་དྲན་འགའ་ཤོག་ཐོག་ཏུ་བཀོད་པ་ཡིན་ལགས། རྩོམ་འདི་ཀློག་པ་པོ་རྣམས་ཉོབ་འགྲོ་གི་མེད་དམ་སྙམ། གྲོགས་པོ་ལགས་འདིར་ཕེབས་པ་དགའ་སྤྲོ་ཆེ།
Re:ཁ་པར་གྱི་བསླུ་བྲིད་འོག་ཏུ་ཚུད་ན། | 2013/4/25 13:27:54
སྐུ་མགྲོན་swn0QD(སྐུ་མགྲོན)རྒན་ལགས་སྙན་པོ་འདུག་
རྩོམ་པ་པོ།:སྐུ་མགྲོན་swn0QD(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཁ་པར་གྱི་བསླུ་བྲིད་འོག་ཏུ་ཚུད་ན། | 2013/4/25 10:37:17
སྐུ་མགྲོན་Glc5Fr(སྐུ་མགྲོན)ངས་ནམ་རྒྱུན་སྐུ་ཉིད་ལ་རྩེད་མོའི་ཚུལ་གྱིས་རྗོད་བཞིན་པའི་མིང་དེ་དེ་རིང་འདིར་བེད་སྤྱོད་གནང་འདུག་པས་མིང་དེ་མཛེས་པོ་འདུག་སྙམ།
བཀྲ་ཤིས་བདེ་ལེགས་ཟིན་བདག་ནས།
རྩོམ་པ་པོ།:སྐུ་མགྲོན་Glc5Fr(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཁ་པར་གྱི་བསླུ་བྲིད་འོག་ཏུ་ཚུད་ན། | 2013/4/25 7:48:53
སྐུ་མགྲོན་r74Ypd(སྐུ་མགྲོན)ཧི་མ་ལ་ཡའི་རི་རྒྱུད་དུ་མེས་པོའི་གཞུང་ལུགས་ཀྱི་ལམ་བུ་ཐོག་མཉམ་དུ་བསྐྱོད་ནས་འགྲོ་ཡ།། མཁར་པ་ཚང་གིས་ཚར་གཅིག་བཀླགས་ཟིན།
རྩོམ་པ་པོ།:སྐུ་མགྲོན་r74Ypd(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.