ང་འདི་ལྟར་ཡིན།
ལུས་ཀྱི་ལང་ཚོ་ཕ་མའི་དྲིན་གྱིས་སྨིན། །
སེམས་ཀྱི་འཚོ་བ་བཤེས་གཉེན་བླ་མས་གནང་། །
བྱིས་པའི་སྣང་བ་གཡམ་གྱི་ལུང་པར་རོལ། །
ཤེས་རིག་ན་ཚོད་བྲག་དམར་རི་ནས་རྒྱས། །
སྤང་ཐང་མེ་ཏོག་རོལ་བ་རྫི་བོའི་སྐབས། །
གྲོང་ཆོག་རྒྱུ་ཐེག་སྤྱོད་པ་བོན་པོའི་སྐབས། །
ལམ་རིམ་ཁྲིད་གཞུང་ཉན་པ་སྒྲུབ་གྲྭའི་སྐབས། །
ཐེག་དགུའི་ལྟ་གྲུབ་སྦྱོང་བ་བཤད་གྲྭའི་སྐབས། །
དགུན་གྱི་རི་མགོའི་ལྷགས་རླུང་མ་མྱོང་ཞིང་། །
སྟོན་གྱི་བ་མོ་ལག་པས་རེག་མྱོང་མེད། །
དབྱར་གྱི་ལྷས་འདམ་རྒྱ་ཆེར་འབོག་མྱོང་མིན། །
སྲིང་ཆུང་མ་ཚོའི་བཀའ་དྲིན་ནམ་ཡང་དྲན། །
རྫ་སྤང་མཐོན་པོའི་རི་ནས་ལུག་འདེད་མྱོང་། །
ན་དམར་མེ་ཏོག་གསེང་དུ་ནོར་འཚོ་མྱོང་། །
ཨ་མའི་བྱམས་བརྩེའི་འོག་ནས་འོ་འཐུང་མྱོང་། །
ཨ་ཕའི་མིག་ཟུང་འོག་ནས་གོས་གྱོན་མྱོང་། །
ཀ་ཁའི་བརྟེན་ལང་བྱས་ནས་ང་ཡོང་ཞིང་། །
གྲོང་གྱི་གྱེར་འདོན་བྱས་ནས་ང་ཡོང་ཞིང་། །
ཐུན་བཞིའི་མགོ་བོ་གཏུམ་ལ་ང་སོང་ཞིང་། །
ཐལ་ཕྱིར་སྒྲ་དབྱངས་གསེང་དུའང་ང་ཡོད་མོད། །
ཤིང་གི་བང་ང་བརྩེགས་པའི་གདན་ས་ནས། །
ཉི་མའི་འོད་ཟེར་རྒྱུད་ནས་བྱུང་བ་ཡི། །
ལྷུན་གྲུབ་སྣང་བ་རྒྱས་པ་དེ་ཉིད་ཀྱིས། །
དམར་སེར་འདབ་མས་བརྒྱན་ནས་ཡོང་དགོས་ཟེར། །
ཁྱུང་གི་མ་དགོན་རྒྱས་པའི་གླིང་ཁ་ནས། །
ཝེར་ཤེལ་བཤེས་ཀྱི་དམ་པའི་ཀུན་སྙོམ་འོག །
ཐལ་བའི་རྩིང་པོ་དེ་ནི་མི་དགོས་ཞེས། །
ག་ལེར་གཞན་ཡིད་འདྲེན་པའི་འགྲོས་བཟང་མཐོང་། །
གཙུག་ཏུ་གྲགས་པའི་བཤེས་ཀྱི་ཞལ་ཆབ་བམ། །
ཀུན་སྨར་རིག་པའི་ཟུང་ཁྲག་རོལ་བ་སྟེ། །
ཚུལ་མུ་དགེ་བའི་རིགས་གདམས་ཟེགས་མ་འམ། །
འཕགས་པའི་རིག་འཛིན་དེ་ཡི་ནང་དྲོད་མྱོང་། །
འབར་མེའི་གསས་ཀྱི་རྫོང་ནས་སྔགས་སྒྲ་ཞིག །
རིགས་པའི་འཕེན་ཁ་སྡེབ་པའི་ཕྱག་གཡོག་མྱོང་། །
གངས་ཀྱི་གླིང་ཁ་དེ་ནས་མཚེར་ས་ཞིག །
བསླབ་པའི་དགེ་བ་རྒྱས་དེའི་དྲིན་ལས་ཐོབ། །
སེམས་ཀྱི་ཚོར་འདུ་སྙི་བའི་བར་གསེང་ནས། །
ཡིད་འོང་གཅེས་པའི་གྲོགས་ལ་བརྩེ་སེམས་ཟབ། །
གདོང་གི་སྐྱི་པགས་སྲབ་པའི་རྐྱེན་ངན་གྱིས། །
ངོ་ཚའི་གཡང་ལ་ལྷུང་བ་འགའ་ཞིག་བྱུང་། །
དཔྱིད་ཀྱི་སྤང་ཐང་འདྲ་བའི་ཡིད་གཏིང་དུ། །
དེང་གི་ཟུར་ཟའི་འཁོར་ལོ་འདྲེད་ཤར་གྱིས། །
སོས་མེད་རྨ་ཁ་བཏོད་པ་ཉུང་ཉུང་མིན། །
ཚེར་མའི་ལམ་ནས་སྐྱོད་པའི་སྣང་བའང་བྱུང་། །
སེམས་ཀྱི་ཟབ་དང་དམར་བའི་གྲུ་ཁུག་ནས། །
ཕྱིར་རྟོགས་ལན་གཅིག་བྱས་པའི་ཚོར་སྣང་ཙམ། །
ལྡེམ་དགོངས་སྒྲ་ཡི་ལམ་ནས་དྲངས་པ་འདི། །
དེང་གི་སྙན་ངག་སྨྲ་བའི་རྗེས་འགྲོ་ཡིན། །
གཡམ་དྲང་སྲོང་གིས། འབྱུང་ལྡན་༣༠༡ བོད་ཆུ་སྦྲུལ་ལོའི། ས་ཟླའི་ཚེས་༢༣ སྤེན་མོན་ས་གཉིས་འཕྲོད་པའི་ཉིན་ཉི་ཤར་སྔ་ཆའི་སྐབས་སུ་འབུར་སྣའི་རྩ་ཐང་གི་སྣང་བ་རོལ་བའི་སྐབས་ཀྱི་ཕྱིར་དྲན་
ཇི་བཞིན་ཕབས་པའོ། །
- ཟིན་ཐོ་གོང་མ།ལུང་དང་རིགས་པའི་བགྲོ་གླེང་།
- ཟིན་ཐོ་འོག་མ།བྱམས་པའི་ཕ་དང་བརྩེ་བའི་མ།
འོན་ཀྱང་དེང་རབས་རྩོམ་གྱི་གོམས་ཆ་ཉུང་།།
རྣམ་དབྱེ་འཕྲོད་སོགས་ཧ་ཅུང་སླད་མང་བས།།
གོ་བ་ལེན་དུས་མགོ་རྙོག་ཆེ་རུ་འགྲོ།།
ལགས་སོ། བཀའ་དྲིན་ཆེ། ང་ངོ་མ་བསམ་ན་རྩོམ་ལ་ཕྱོགས་པའི་གསར་བུ་བ་ཞིག་ཡིན་པས་ཁྱེད་ཀྱི་གསུང་དེ་ལྟ་བུས་ང་ལ་ཕན་ཐོགས་ངེས་རེད། མ་འོངས་པར་དེ་བཞིན་གུས་པའི་རྩོམ་སྙིགས་རྣམས་ལ་དགེ་འདོན་སྐྱོན་སེལ་གནང་རོགས་ཞུ་བ་མ་ཟད། མཐའ་ནས་འདི་མི་འཐད་ཅེས་དངོས་སུ་ཐེར་འདོན་དང་། དཔེར་ན་འདི་བཞིན་ཞེས་ལེགས་བཅོས་དངོས་སུ་གནང་ན་ཕན་ཐོགས་དེ་བས་ཀྱང་ཆེ་རུ་འགྲོ་བས་ཐུགས་ལ་འཇོག་པར་ཞུ།
ད་རུང་ད་ལྟའི་ཡུལ་སྲོལ་ག་ལ་མཐུན།།
མངོན་བརྗོད་གཏམ་གྱིས་ཕྱི་གཡོག་བྱེད་པ་ནི།།
དོན་མེད་བྱ་བ་མང་བའི་རྒྱུ་རུ་ངེས།།
བྱ་མ་མི་བསྟན་པ་ཡི་བྱེད་སྒྲ་མང་།།
ཡང་ཡང་ཞིང་ཞིང་སོགས་ལ་བསམ་ན་ཡང་།།
ཟློས་སྐྱོན་མང་བའི་ཚོར་བ་རབ་ཏུ་བྱིན།།
གང་བདེར་བྲིས་པ་སྙན་ངག་བརྩི་བ་མིན།།
རྡོ་ཆ་བཙན་བསྒྲིགས་སྙན་ངག་རྩོམ་པའི་སྐྱོན།།
འོ་་་་འདི་ལྟ་བུའི་བསམ་ཚུལ་དཔྱད་གཏམ་སྤེལ་བ་ནི་ལོས་ཡིན། དེ་མིན་གོང་གི་ཨ་བྲ་སྐྱ་བོ་ལྟར་རང་མྱོང་གི་ཚོར་འདུ་སྙན་ལམ་དུ་སྤེལ་བ་ལ་སྡང་སེམས་ཀྱིས་འཁྱལ་གཏམ་སྤེལ་དགོས་དོན་ཅི་ཡོད། འདིར་སྐད་གཉིས་བསྲེས་ཡོད་པ་བདེན་མོད། འོན་ཀྱང་མངོན་བརྗོད་གཏམ་གྱིས་ཕྱི་གཡོགས་བྱས་ཞེས་ཟེར་དུས། ངས་འདིར་མངོན་བརྗོད་དྲངས་ཡོད་ས་མེད་ལྟ་ཡག་གྱིས། སྤྱིར་བཏང་མངོན་བརྗོད་དྲངས་ན་མཐའ་གཅིག་ཏུ་མི་རུང་བ་ཞིག་མིན་ནམ་སྙམ། ལར་རང་མྱོང་གི་ཚོར་འདུ་ལྡེམ་ཚིག་གི་ལམ་ནས་དྲངས་པ་ལ་སྙན་རོ་མྱོང་རྒྱུ་ཡོད་ཀྱང་རུང་མེད་ཀྱང་ཆོག་མོད་དེ་ཙམ་ལས། གང་བདེར་བྲིས་པ་སྙན་ངག་མི་བརྩི་ཞེས་པ་དེང་དུས་བཅད་གསར་གྱི་ལུགས་དང་མི་མཐུན་སྙམ། འོན་ཀྱང་ངས་འདིར་བཅད་གསར་གྱི་སྙན་ངག་ཚད་ལྡན་ཞིག་འབྲི་ཐུབ་ཡོད་ཟེར་བ་མིན།
གུས་པས་འདིར་བྱ་བ་མི་བསྟན་པའི་བྱེད་སྒྲ་གཅིག་ཁོ་ན་མ་གཏོགས་མཐོང་གི་མི་འདུག་དེ་ནི་ད་ཙམ་ནས་བཅོས་རྒྱུ་ཡིན། དེ་མིན་དོན་མེད་ཀྱི་བྱེད་སྒྲ་མང་པོ་མཐོང་གི་མི་འདུག་པས། འདིར་རེ་རེ་བཞིན་ངོ་སྤྲོད་ཅིག་བྱས་ཡོང་ན་ལེགས་འདུག་སྙམ། རྐང་པ་གསུམ་གྱི་མ་མཐའ་རུ་བསྟུད་མར་ཞིང་རེ་སྟེ་ཞིང་གསུམ་ཡོད་པ་དེ་ནི་རང་གིས་བསམ་ན་སྒྲ་རྒྱན་དང་ཚུལ་མཐུན་པ་ཞིག་ལས་ཟློས་སྐྱོན་མིན་བསམ་གྱི་ཡོད། འོན་ཀྱང་དཔྱོད་ལྡན་རྣམ་པས་ཡོ་བསྲང་གནང་བ་ལ་དགའ་བསུ་ཡང་ཡོད། འདིར་ཁྱེད་ཀྱིས་རང་མིང་བཀོད་མི་འདུག་པས་ཅུང་ཞིག་འགྲིག་མི་འདུག་སྙམ
ར་མགོ་ལུག་སྦྱར་བྱས་པའི་རྩོམ་སྙིགས་འདིའི། །
བརྗོད་དོན་ངོ་མ་གོ་བ་ལེན་དགོས་ན། །
རྩིས་འཕྲུལ་ཁྱོད་ཀྱི་མིག་ལ་གནོད་པ་དང་། །
རྩོམ་འདིས་རྩིས་འཕྲུལ་མིག་ལ་གནོད་པ་གཉིས། །
གང་ཡིན་དབྱེ་འབྱེད་བྱེད་ལ་མ་བླུན་ཞིག །
དང་པོ་ལྟར་ན་དེང་རབ་རྩིས་འཕྲུལ་གྱིས། །
ཁྱོད་ལ་གནོད་པ་རྩོམ་འདིར་འགེལ་དོན་ཅི། །
གཉིས་པ་ལྟར་ན་མིག་ཡོད་རྩིས་འཕྲུལ་དེ། །
ཨ་བྲ་སྐྱ་བོས་ཁུང་ནས་རྙེད་དམ་ཅི། །
ཟུར་ལྟ་བས།
མ་བུ་དབྱེ་འབྱེད་དགོས་པའི་གཏན་ཚིགས་ཤིག །
གད་སྲུབས་ཨ་བྲ་ཁྲོན་པའི་སྦལ་པ་སོགས། །
བློ་སྒོ་དོག་པོ་འགའ་ལ་མ་གཏོགས་པར། །
ཀློག་མཁན་གཞན་པ་རྣམས་ལ་དགོས་ཚོད་མེད། །
མགོ་ལ་མཚུངས་པའི་རྔ་མ་དགོས་པ་དེ། །
རྐུབ་ལ་རྔ་མ་མེད་པའི་ཨ་བྲ་ལ། །
དགོས་ན་མ་གཏོགས་གཞན་ལ་ནམ་ཡང་དཀོན། །
ཐུན་བཞི་རྟོགས་པའི་བདེ་རླུང་རྒྱས་མྱོང་ཞེས། །
བྲིས་པ་མིན་པས་རྫུན་འགེབ་བྱེད་དོན་ཅི། །
ང་སྟག་ཁྱོད་ཝ་ཞེས་པའི་ཆགས་སྡང་གཏམ། །
དེ་བས་མེད་པར་མིག་ཡོད་གྲོགས་ཀྱིས་ཤེས། །
གོང་འོག་རྩོམ་གྱི་བརྗོད་བྱ་མ་ཚོར་བར། །
སྒྲོ་སྐུར་རྫུན་གླེང་སྐྱོན་འདོགས་མ་སྔ་ཞིག །
རང་སྐྱོན་རི་བོ་རང་གིས་མ་མཐོང་ཁར། །
གཞན་སྐྱོན་འཚོལ་འདོད་ཁྱོད་འདྲ་ང་ཡིས་མིན། །
གོ་ལའི་རྒྱ་ཁྱོན་གང་བའི་ཉེན་ཁ་ཞིག །
སྔོན་འགོག་བྱེད་པའི་ནུས་པ་ཡོད་མདོག་གི །
རང་རློམ་རི་བོ་ཙམ་དེ་ཨེ་རིག་ལྟོས། །
ཟིན་བདག་ནས།
ཕྱི་འཕྲ་གཡུག་ནས་ཐལ་གཏོར་བྱས་པ་ལ། །
ལན་ཞིག་དགོས་པ་གལ་ཆེན་མིན་ན་ཡང་། །
བདེན་པའི་གནས་ལུགས་སྒྲིབ་པའི་རྫུན་ཧབ་ལ། །
ངོ་སྤྲོད་མདོ་ཙམ་དུས་ལ་བབས་སམ་སྙམ། །
སྙིང་གྲོགས་ཡོད་ཚད་བརྗོད་པའི་ཐོ་དེབ་ཅིག །
མ་ཡིན་ཕྱིར་ན་དབྱངས་ལ་བསྐྱོན་དོན་ཅི། །
སོ་སོའི་གནས་ལུགས་ངོ་མ་སྟོན་འདོད་ན། །
རྨི་ལམ་ཚུན་ཆད་དགོས་པའི་བཀའ་དེ་སུས། །
རང་གི་འཇོན་པའི་ཟིན་ཐོ་ཁོ་ན་མིན། །
མིག་ཡ་བཙུམས་ནས་མ་འདུག་ལྟོས་དང་གསལ། །
ཀློག་མཁན་ཁྱོད་འདྲ་དུས་ཚོད་ཤོར་སོང་ན། །
མ་བལྟས་རང་མལ་སྡོད་དང་ལྟོས་ཞུ་མེད། །
ངོ་མ་བྱས་ན་སྙིང་གི་གྲོགས་ཡིན་ཡང་།།
རྩོམ་གྱི་དབྱངས་ལ་མི་སྐྱོན་ཅི་ཡི་སླད།།
ཡིན་ཚུལ་བརྗོད་འཕྲོ་ལུས་འདི་སྐྱོ་བའི་གནས།།
སོ་སོའི་གནས་ལུགས་ངོ་མ་སྟོན་འདོད་ན།།
ཉིན་གྱི་བྱ་བ་མཚན་གྱི་རྨི་ལམ་སོགས།།
མ་ལུས་རྫོགས་པར་བཤད་ན་བདེན་པའི་བུ།།
དེ་མིན་རང་གིས་འཇོན་པའི་ཟིན་ཐོ་འགའ།།
བཤད་གཡམ་རླུང་གི་རྟ་ལ་སྐྱོན་བཞག་ན།།
རྩིས་འཕྲུལ་གློག་མདངས་མིག་ལ་གནོད་བྱེད་ཙམ།།
ཀློག་མཁན་ང་འདྲའི་དུས་ཤོར་འདྲེ་རེད།།
ཁྱོད་དང་ཁྱོད་འདྲའི་མི་བུ་ཀུན་ལ་བསྒྲགས།།
མ་དགོན་བུ་དགོན་དབྱེ་འབྱེད་མ་ཕྱོས་སྐབས།།
སྒྲོ་བཏགས་རྩོམ་གྱི་ཟིན་ཐོ་འདིར་མ་བཀོད།།
སྙན་ངག་སྨྲ་བའི་རྗེས་འགྲོ་བྱེད་པ་ལ།།
རྩོམ་གྱི་མགོ་ལ་མཚུངས་པའི་རྔ་མ་ཞིག།
དགོས་པ་དེ་ནི་རྩོམ་པོའི་མཚན་ཉིད་གཅིག།
ཐུན་བཞི་རྟོག་པའི་བདེ་རླུང་རྒྱས་མྱོང་ན།།
ང་སྟག་ཁྱོད་ལྦའི་རང་བསྟོད་འོང་དོན་མེད།།
གོང་འོག་རྩོམ་གྱི་བརྗོད་བྱ་འགའ་ཚོལ་ཡང་།།
བདེན་དོན་ཟབ་མོ་རི་བོང་མགོ་ཡི་རྭ།།
རང་རྩོམ་སྐྱར་ཟློས་བྱོས་དང་ཤེས་ཚོད་གདའ།།
རང་སྐྱོན་རི་བོ་རང་གིས་མ་མཐོང་ཞིང་།།
གཞན་སྐྱོན་རྡུལ་ཙམ་འཕྱི་དར་བྱེད་པའི་གོག།།
གོ་ལ་ཧྲིལ་པོའི་རྒྱ་ཁྱོན་གང་བའི་ཉེན།།
སྔོན་འགོག་ཚུལ་དུ་འཆན་བུ་ཁྱོད་ཁོ་ནར།།
བཏགས་དགོས་ཁེལ་ཡང་བྱིས་པ་སེམས་མ་སྐྱོ།།
ཨ་སྦྲ་སྐྱ་བོ་ནས་་་་་་་་་་བྲིས།།
གསུངས་སྟངས་ལྟར་ན་འཚར་བའི་བྱ་བ་འགའ།།
ཤོག་ཐོག་མེད་ཀྱང་དོན་ལ་དཔྱད་བཞག་ན།།
བྱས་མྱོང་ཡོད་པའི་གཏན་ཚིག་ཆུང་ངུ་ཞིག །
བྲིས་པའི་རྩོམ་ཐུང་ནང་དུ་ལྷང་ངེར་གསལ།།
ཀུ་རེའི་ཚུལ་དུ་ཕུལ།
དྲེ་བཙུན་ལགས། མཚར་བའི་བྱ་བ་འགའ་བྱས་མྱོང་ཡོད་པ་ཞེས་པའི་མཚར་བའི་བྱ་བ་གང་དང་གང་ཡིན་པ་དང་། དེ་ངས་བྱེད་མྱོང་ཡོད་པའི་གཏན་ཚིགས་ཆུང་ངུ་དེ་གང་ཡིན་པ་འདིར་ཐད་ཀར་འདོན་རོགས་ཞུ།