ཕ་ཡུལ་གཡམ་གཞུང་གཡང་གི་ཕྱུག་མོའི་གཟི་ཉམས།
སྤང་དཀར་རི་བོ་ཟླུམ་ལ་བརྗིད་པ་རྨད་བྱུང་ས་ཡི་ཐིག་ལེ་དངོས། །
བྲག་དཀར་ངང་རིང་མཐོ་ལ་རྔམ་པ་དར་ཡོལ་གནམ་ལ་དཔྱང་པ་འདྲ། །
སྲ་བརྟན་རྫ་རི་སྨུག་ལ་སྤུངས་པ་རིན་ཆེན་འབར་བའི་དབྱིབས་དང་མཚུངས། །
ཁྱུང་ཡུལ་བྱང་གི་གཡམ་གཞུང་ཕྱུག་མོའི་མཛེས་སྡུག་མིག་གི་དཔྱིད་དུ་འབར། །
མཐིང་གི་ལ་ཞེས་སྔོན་བྱོན་མེས་པོས་རིན་ཆེན་མུ་ཏིག་བླ་དྭགས་ཀྱིས། །
སྙན་པར་སྤུད་པའི་ལ་མོ་ཆེ་དེའི་སྒང་ཟེའི་མཚམས་ནས་བྱང་ཕྱོགས་སུ། །
ལྟ་བའི་སྐལ་པ་རགས་ཙམ་བྱུང་ན་སྐྱེ་ལུས་སྟོང་གི་མིག་ནད་ཀྱང་། །
ཤུལ་མེད་སངས་པའི་ཡིད་འོང་ལྟད་མོ་འདི་ལྟར་མཐོང་ཞེས་གླེང་འདོད་འཕྱུར། །
ཤེལ་དཀར་དྭངས་མའི་ནོར་བུའི་ཚོམ་ཕྲེང་མཐའ་ནས་བསྟར་བའི་དཀྱིལ་ཁུག་ཏུ། །
གཡུ་སྔོན་ཞུན་མ་ས་ལ་འཁྱིལ་འདྲའི་རླབས་ཕྲེང་མཛེས་པའི་མཚོ་ཆེན་ཞིག །
ཕྱྭ་དང་གཡང་གི་གཏའ་ཆེན་མ་ལུས་གནས་འདིར་མི་འཁྱིལ་རང་དབང་ཅི། །
སྙམ་པའི་སྤྲོ་བ་ཝལ་གྱིས་འདྲེན་པའི་གཡམ་བྲག་གཡུ་མཚོའི་གཟི་ཉམས་འབར། །
གཡུ་མཚོ་ཕྱུག་མོ་ལྟེམ་མེར་འཁྱིལ་བའི་བྱང་ཕྱོགས་གནམ་གྱི་མཐོང་རོལ་དུ། །
རྫ་དང་གཡམ་གྱི་བྲག་དཀར་ཆེན་པོ་མཐོ་ལ་རྔམ་པའི་བླ་རི་ཞིག །
མི་ནོར་གཡང་གི་འཕེལ་ཁ་རྒྱས་པའི་གཏེར་བུམ་བྱིན་ཆེན་འདི་ན་སྦས། །
ཕ་ཡུལ་གཡམ་གཞུང་གཡང་གི་ཕྱུག་མོའི་གྲགས་སྙན་ཐོག་མ་དེ་ནས་འཕྲོས། །
གཡུ་སྦྲུལ་སྔོན་མོ་ཤར་དུ་རྒྱུག་པའི་དབྱིབས་ཀྱི་མཛེས་པ་ངས་འཕྲོག་ཅེས། །
ཁེངས་པས་མྱོས་པའི་གླུ་དབྱངས་འཐེན་བཞིནརིང་པར་རྒྱུ་བའི་གཡམ་ཆུ་ནི། །
མཚོ་བོད་སྒང་དུ་ཁྱབ་གྲགས་ཆེ་བའི་རྫ་ཀླུང་དལ་འབབ་ཆེན་མོ་དེའི། །
འགོ་ཁུངས་ངོ་མ་ཁྱོད་ལ་ཐུག་ཅེས་ཕྱོགས་ཀྱི་མགྲོན་པོ་ལྟད་མོར་ཕེབས། །
ལུང་ཆེན་དེ་ཡི་སྟོད་ཕྱོགས་ཤིག་ན་གཡམ་གྱི་ནག་མེར་ཐང་ཆེན་ཞེས།
བླ་མེད་རྟོགས་པའི་རྣལ་འབྱོར་ཆེན་མོ་ཤེལ་སྟོན་གཡུང་དྲུང་རྒྱལ་མཚན་གྱིས། །
ལྟ་དགོངས་མཐོན་པོའི་ཉམས་རྟོགས་འུར་བའི་མགུར་གླུ་བོན་གྱི་དབྱངས་སྙན་གང་། །
དེར་དེར་བསྒྲགས་ཏེ་ས་ཡི་བྱིན་ཆེན་མངོན་པར་ཕབས་པའི་དགེ་མཚན་གསལ། །
ཐོག་ཙང་ནང་གི་མདེལ་རྩེ་སྤུན་གསུམ་དབྱིབས་དང་རྣོ་ངར་མཚུངས་པ་འདིས། །
གར་མ་ལི་ཤོས་ཕྱག་རྩལ་སྤྲུག་སྟེ་རིང་ཐུང་ཚད་བཞིན་བཟོས་པ་འདྲ། །
ཁྲ་རུག་ཡང་ཁའི་ནས་རིས་ཕུབ་རིས་གཟུགས་དང་མཛེས་ཆ་མཚུངས་པ་འདིས། །
དགེ་བསྙེན་བོན་པོས་སྨན་འདམ་བསྣག་བཞིན་བརྐོས་ཕོར་གཅིག་ནས་བཏོན་པ་འདྲ། །
རྫ་ལུང་ནང་གི་དམར་པོ་རྒོད་མཆུ་ཀླུ་དབང་ཕྱོགས་སུ་རྔམ་པ་ནི། །
ནུབ་ཕྱོཌ་གཤེད་ཀྱི་ལམ་པོ་ཆེ་དེ་བཙན་བརྗིད་སྟོབས་ཀྱིས་བཀག་པ་འདྲ། །
ནག་ག་ལ་ཡི་ནག་པོ་སྤྱན་གཅིག་འབྲོང་གཡག་དར་མ་འགྱིངས་འདྲ་འདི། །
གཉན་ཆེན་ཐང་ལྷའི་ཕྱུགས་གཡང་ངོ་མ་གནས་འདིར་ཤོར་བའི་ཆོ་རབས་ཡིན། །
དྲིལ་སྐྱ་མདའ་ཡི་གསེར་ཆེན་རི་བོ་རྒྱལ་པོ་གདན་ལ་བཞུགས་འདྲ་དེ། །
ནག་རུ་དཔོན་གྱི་མངའ་དབང་ལོངས་སྤྱོད་སྲིད་པ་སྐོས་ཀྱི་ཆེ་ཐོབ་ཡིན། །
དྲིལ་སྨུག་རི་བོ་ས་བཅུད་སྣུམ་ཞིང་དབྱིབས་ཟླུམ་ནོར་བུ་སྤུངས་འདྲ་འདི། །
ཡར་སྟོང་མར་སྟོང་ཕྱུགས་ཀྱི་བདག་པོའི་ཕྱྭ་གཡང་ཚེ་ཡི་དཔལ་ཁ་ཡིན། །
ལྗི་རྒྱང་མདའ་ཡི་བོག་པའི་གཤམ་གྱི་ས་ཡི་གདན་ཁྲི་སུམ་རྩེག་དེ། །
ཉེར་གཅིག་དུས་ཀྱི་བྱ་ཆེན་དགོན་པ་བསྟན་དོན་མཛད་འཕྲིན་རྒྱས་པའི་གནས། །
ལུང་དཀར་ཕུ་ཡི་གུང་ཚང་གོང་མ་དཔང་ཚད་ཀུན་ལས་མཐོ་བ་ནི། །
སྲིད་གཤེན་བོན་པོའི་མཐུ་དང་ནུས་པ་གཞན་ལས་གཉན་པའི་རྟགས་མཚན་ཡིན། །
ཝ་ཟོར་གནས་པོ་སྟག་མོ་དར་མ་འགྱིངས་བའི་སྟབས་ཀྱིས་བཞུགས་པ་ནི། །
ཤག་རིགས་སྡེ་བའི་དཔའ་དང་གཏམ་གྱིས་ཕྱི་དགྲ་འདུལ་བའི་དན་རྟགས་ཡིན། །
རྫ་དམར་ཐོད་ཀྱི་རྫ་ཆེན་ཟེ་ཡིས་གཟན་དམར་སྐུ་ལ་གསོལ་འདྲ་འདི། །
སྣང་གཤེན་བོན་པོའི་གྱེར་དབྱངས་སྨྲང་གིས་སྣང་སྲིད་བདེ་ལ་བཀོད་པའི་བརྡ། །
རྫ་བྲག་སྤང་གསུམ་སྤེལ་མར་གནས་པའི་ཆགས་གཞུང་སྟོད་ཀྱི་བླ་རི་སྟེ། །
རྔམ་བརྗིད་གཟར་གསུམ་ཝ་ལེར་གསལ་བའི་བཙན་རྒོད་ཆཌ་ཕུ་རི་དམར་ཞེས། །
ནམ་དྲན་དུས་སུ་མཚན་ཡང་འབོད་ན་ཕོད་པར་དཀའ་བའི་རི་བཙན་ཞིག །
ཕོ་ལྷ་དགྲ་བླ་ཝེར་མ་གསུམ་གྱི་མཐུ་རྩལ་ཚང་བ་ཡུལ་འདིའི་ལྷ། །
དཔྱིད་ཀྱི་བདེ་རླན་དྲོད་གཤེར་ལྡང་ངམ་རྩྭ་ལྗང་མགོ་བོ་འབུས་པའི་སྐབས། །
རིན་ཆེན་གསེར་གྱི་སྤུན་ཟླ་གཉིས་པ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཞེས། །
རྫོང་ཞབས་གཅིག་གི་ཞིང་འབྲོག་མི་དམངས་གནས་འདིར་འདུ་ལང་འཚང་ཁ་རྒོད། །
ཕྱོགས་གཞན་སྡེ་བས་འགྲམ་ཆུ་ལྡང་བཞིན་ཐོབ་ཤོར་ལས་ལ་དེ་བས་རྔམ། །
སྤང་ཐང་ལག་མཐིལ་ཙམ་ཡང་མ་ལུས་ལས་གུར་ཁྲི་མ་འབུམ་གྱིས་བཀང་། །
སྤང་རི་སྒྲོ་བ་ཙམ་ཡང་མ་ལུས་འབུ་བརྐོ་བྱེ་བ་དུ་མས་གཏམས། །
གཞུང་ལམ་དག་གི་ཟུར་ཁ་ཀུན་ལ་ཚང་འདུས་ཟ་ཁང་མང་པོས་གང་། །
རྒྱ་ནག་ཡུལ་གྱི་ཁྲིན་ཏུའི་གྲོང་ཁྱེར་གློ་བུར་གནས་འདིར་འཕོས་སམ་སྙམ། །
ཞིང་འབྲོག་མང་པོའི་དཔལ་འབྱོར་ཡར་རྒྱས་རྟ་བོང་འགྲོས་ཀྱིས་སྐྱོད་པ་འདི། །
མཆོང་སྐྱོད་ལྟ་བུས་དེང་རབ་ཅན་གྱི་འབྱོར་འབྲིང་གྲལ་དུ་ཕྱིན་པའི་ཐབས། །
ཁྱིམ་ཚང་བྱེ་བའི་དབུལ་འཕང་དོང་སྤྲུག་དབྱར་རྩྭ་དགུན་འབུའི་ཕ་ཡུལ་ཞེས། །
ས་བཅུད་ཡུལ་རྒྱན་ལྷུན་གྱིས་ཆགས་པའི་སྙན་པ་གོ་ལའི་ཁྱོན་ལ་འཕུར། །
ཞེས་གཡམ་དྲང་སྲོང་གིས་རང་ཡུལ་གྱི་རི་མཚོའི་རྣམ་པ་ཟུར་ཙམ་ཞིག་སྙན་ཚིག་གི་ལམ་ནས་
དྲངས་པ་རེ་ཞིག་རྫོགས་སོ།། །། ༢༠༡༣། ༣། ༣ཉིན།
- ཟིན་ཐོ་གོང་མ།པོ་ཏི་སྔོན་པོས་འདི་སྐད་གསུངས།
- ཟིན་ཐོ་འོག་མ།ཁ་པར་གྱི་བསླུ་བྲིད་འོག་ཏུ་ཚུད་ན།
ལགས་ཁྱེས་ཀྱིས་སྙན་རྩོམ་འདི་འདྲ་མང་དུ་སྤེལ་བ་རེད་སྒུག་བྱེད་ཡོད།།
དགེ་བཤེས་ལགས། གུས་པའི་མཚེར་ས་རུ་ཕེབས་པར་དགའ་གུས་ཆེ།
མཁར་པ་ཚང་གིས་བྲིས།
མཁར་པ་ཚང་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ལྷན་དུ་མ་འོངས་པར་མཉམ་སྐྱོད་བྱེད་ཅེས་ཞུ་བ་ཡིན།