ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ལུང་དང་རིགས་པའི་བགྲོ་གླེང་།  | 2013/5/21 15:19:00

ཚངས་འོད་ཚེ་ཡི་འགལ་འདུ་ལས་འཕྲོས་པའི་ལུང་དང་རིགས་པའི་བགྲོ་གླེང་།

ཞང་བོད་མཁས་གྲུབ་རྣམས་ལ་ཕྱག་འཚལ་ལོ།

དེ་ཡང་ཁོ་བོ་མཛོད་འཛིན་གྲྭར་སླེབས་ཙམ་གྱི་ངོས་ནས་བསམ་བློ་མ་བདེ་ས་ཞིག་སྟེ། སྲིད་པའི་མཛོད་ཕུགས་ཆེན་མོ་ལས། ༼གཟུགས་ཁམས་འོད་ལ་གནས་པའི་ཚེ། །ཟུ་ར་བསྐལ་པ་ཕྱེད་ཐུབ་སྟེ། །རུན་བུ་བསྐལ་པ་གཅིག་ཏུ་གནས། །ཚངས་རྒྱུང་སངས་པོ་འབུམ་ཁྲི་ནི། །བསྐལ་པ་ཕྱེད་དང་གཉིས་ཐུབ་བོ། ། ཁི་ཁར་ཝེག་ཞི་བསྐལ་པ་གཉིས། །ཁི་ཀར་ཉི་འབར་བཞི་ཡིན་ཏེ། །ཡར་སྣེ་ཁིར་ཁར་བརྒྱད་ཐུབ་བོ། །ཁ་ནམ་དེ་ཅུ་བཅུ་དྲུག་གོ །ཁ་ནམ་དེ་ཤོ་སུམ་ཅུ་གཉིས། །སླིག་སད་དྲུག་ཅུ་བཞིར་གནས་ཏེ། །༽1ཞེས་གསུངས། མདོ་འདུས་ལས། ༼གཟུགས་ཁམས་ལུས་ཚད་དཔག་ཚད་དང་། །ཚེ་ཚད་བསྐལ་པའི་གྲངས་མཉམ་སྟེ། །གཟུགས་ཅན་དང་པོ་དཔག་ཚད་ཕྱེད། །དེ་ཡི་གོང་གཉིས་ཕྱེད་ཕྱེད་སྐྱེད། །༽ 2ཅེས་གསུངས་པའི་ལུང་གི་དགོངས་དོན་ནི། རྗེ་རིན་པོ་ཆེའི་མཛོད་འགྲེལ་ལས། བཀྲལ་བ་ལྟར་ཏེ། དེ་ཉིད་ལས། ༼གཟུགས་ཁམས་ཀྱི་ལྷ་འོད་ལ་གནས་པའི་ཚེ་ཚད་བསྐལ་པའི་སྒོ་ནས་བསྟན་ཏེ། ཟུ་རི་ཞེས་བྱ་བ་འདུན་ན་འདོན་གྱིས་བསྐལ་པ་ཕྱེད་ཐུབ་བོ། །ཏུན་བུ་ཞེས་པ་ཚངས་པ་ཀུན་འཁོར་གྱིས་གཅིག་དང་། ཚངས་རྒྱུང་སངས་པོ་འབུམ་ཁྲིས་ཕྱེད་དང་གཉིས་སོ། །ཁི་ཁར་ཝེག་ཞི་འོད་ཆུང་གིས་བསྐལ་པ་གཉིས་སོ། །༽3ཞེས་དང་། མདོ་འདུས་ལས། ༼ཚད་མེད་འོད་ནི་ཡན་ཆད་དུ། །ལུས་དང་ཚེ་ཚད་ཉིས་འགྱུར་སྐྱེད། །༽ཅེས་གསུངས་པ་ལྟར་དུ།རྗེ་ཡི་མཛོད་འགྲེལ་ ལས། ༼ཁི་ཁར་ཉི་འབར་འོད་གསལ་གྱིས་བཞིའོ། །ཡར་སྣེ་ཁི་ཀར་ཚད་མེད་འོད་ཀྱི་བརྒྱད་དོ། །ཁ་ནམ་དེ་ཆུ་དགེ་ཆུང་གིས་བཅུ་དྲུག་གོ །ཁ་ནམ་དེ་ཤོ་དགེ་རྒྱས་ཀྱི་སོ་གཉིས་སོ། །སླེག་སད་ཚད་མེད་དགེ་བའི་རེ་བཞིའོ། །༽ཞེས་རིམ་པ་བཞིན་དུ་ཚངས་པ་འདུན་ན་འདོན་ནས་འོད་ཆུང་གི་བར་དུ་ཚེ་ཚད་འོག་མ་འོག་མ་ལས་གོང་གོང་མར་ཕྱེད་འགྱུར་རེ་འཕར་བར་བསྟན་པ་དང་། འོད་གསལ་ནས་ཚད་མེད་དགེའི་བར་འོག་མ་འོག་མ་ལས་གོང་མ་གོང་མར་ཉིས་འགྱུར་རེ་འཕར་བར་བསྟན་པ་ནི་རང་ལུགས་ཀྱི་མདོ་འདུས་དང་སྲིད་པའི་མཛོད་ཕུགས་གཉིས་ཀྱི་དགོངས་དོན་མཐུན་པ་ཡིན་ལ། གཞན་དྲན་པ་དང་སྒ་སྟོན་སོགས་འགྲེལ་མཛད་ཕལ་གྱིས་བཞེད་པ་གཅིག་མཚུངས་ཡིན་མོད། འོན་ཀྱང་མདོ་འདུས་དང་། རྗེ་ཡི་མཛོད་འགྲེལ། མཛོད་སྒྲ་འགྲེལ་གསུམ་གྱི་གཟུགས་ལྷའི་གོ་རིམ་སྒྲིག་ཚུལ་ལམ་མཚན་བརྗོད་ཚུལ་ཅུང་མི་འདྲ་བར་འདུག4ཀྱང་ཚེ་ཚད་ཀྱི་འཕར་ལུགས་ལ་ཁྱད་མེད་པར་འགྲིག་ཆགས་ཆགས་ཤིག་བསྟན་འདུག    འོན་ཀྱང་འདིར་དཔྱད་དགོས་པ་གལ་ཆེན་ཞིག་ནི། གོང་དུ་དྲངས་པའི་མདོ་འདུས་ཀྱི་ལུང་དེ་འགྲེལ་སྟབས་བདེ་བའི་ཆེད་དུ་སླར་ཡང་དྲངས་ཏེ་བརྟགས་ན། དེ་ཉིད་ལས། ༼གཟུགས་ཁམས་ལུས་ཚད་དཔག་ཚད་དང་། །ཚེ་ཚད་བསྐལ་པའི་གྲངས་མཉམ་སྟེ།།༽ཞེས་པའི་ཚེ་ཚད་བརྩི་གཞིའི་བསྐལ་པ་དེ་བར་བསྐལ་ལམ་བསྐལ་ཆེན་ནམ་ཡང་ན་དེ་ལས་གཞན་པ་གང་ཡིན་དཔྱད་དགོས་པ་རེད། དེ་ཡང་བསྐལ་ཆེན་ལ་བརྩིས་ན་ཚངས་ཆེན་བར་ཆད་ཁོ་ནའི་དབང་དུ་འགྲོ་བར་དོགས་ནས་མི་འཐད་པ། སྒ་སྟོན་གྱིས་ཀུན་བཏུས་རང་འགྲེལ་ལས་གསུངས་འདུག5  གལ་ཏེ་བར་ཆད་ཀྱི་དབང་དུ་འགྲོ་བར་ཆ་བཞག་ན། ཚངས་ཆེན་ནམ་ཚངས་རྒྱུང་སངས་པོ་འབུམ་ཁྲིའི་ལྷ་རྣམས་རང་གི་ཚེ་ཚད་ཀྱི་ཕྱེད་ཀ་ཙམ་ལས་མི་ཐུབ་པར་འགྱུར་བ་མ་ཟད། ཚངས་པ་ཀུན་འཁོར་ཡང་བར་ཆད་ཀྱི་དབང་དུ་འགྲོ་སྟེ། ཁྱོད་ཀྱི་ཚེ་ཚད་བསྐལ་ཆེན་གཅིག་ཡོད་པ་གང་ཞིག  བསྐལ་ཆེན་གཅིག་གི་སྣོད་ཀྱི་ཆགས་པའི་དུས་ཡུན་བར་བསྐལ་གཅིག་ལ་ཁྱོད་མ་གྲུབ་ཅིང་། སྣོད་འཇིག་པའི་བར་བསྐལ་གཅིག་ལ་མ་སླེབས་གོང་དུ་ཁྱོད་འཇིག་དགོས་པ་དང་། དེའི་ཁར་སྟོང་པའི་བར་བསྐལ་ཉི་ཤུའི་ཡུན་དེ་ཕྲི་བས། བསྐལ་ཆེན་གྱི་བར་བསྐལ་བརྒྱད་ཅུ་ལས་ཉེར་གཉིས་ཕྲིས་པའི་ལྷག་མ་ང་བརྒྱད་མ་གཏོགས་མི་ཐུབ་པས་སོ། །ད་དུང་མཁས་དབང་སྒ་སྟོན་ཚང་གིས་བཞེད་པ་ལྟར་ན། བར་བསྐལ་ལ་བརྩི་ནའང་མི་འཐད་དེ། ཉིད་ཀྱིས་མེ་བདུན་ཆུ་གཅིག་རླུང་དང་བཅས་པའི་འཇིག་བྱེད་དེ། ཚད་མེད་འོད་དང་ཚད་མེད་དགེ་བའི་ཚེ་ཚད་ཀྱི་རྗེས་སུ་འགྲོ་དགོས་པའི་རྣམ་བཞག་ཞིག་པར་འགྱུར་བས་སོ། །6 དེས་ན་མཁས་དབང་སྒ་སྟོན་ཚང་གིས། བསམ་གཏན་དང་པོའི་ལྷ་གསུམ་ལ་ཆེ་སྟེ་བསྐལ་ཆེན་ལ་མི་བརྩི་ཞིང་། ཆུང་སྟེ་བར་བསྐལ་ལ་མི་བརྩི་བར་བསྐལ་ཆེན་གྱི་ཕྱེད་ལ་བསྐལ་པར་བརྩི་7དགོས་པར་བཞེད་ཅིང་། ད་དུང་ཡང་ལྷུ་ཅུང་མ་འགྲིགས་དུས། ཚངས་ཆེན་ལ་ལོག་ལྟ་ཡོད་པས་བར་ཆད་ཅུང་ཙམ་འབྱུང་ཞེས་8ཟེར་བ་དང་། བསམ་གཏན་གཉིས་པ་ཡན་ཆད་གཞན་ནི་བསྐལ་ཆེན་ལ་བརྩི་དགོས་པར་9གསུངས་པ་ནི་ཉིད་ཀྱིས་མེ་བདུན་ཆུ་གཅིག་གི་རྣམ་བཞག་དང་བསྟུན་ཏེ་ལྷུ་ཅི་འགྲིགས་བྱས་ནས་གསུངས་པ་དེ་ནི་རྡོ་ཆག་བཙན་སྒྲིག་ཀྱི་ཚུལ་ལས་མ་འདས་པར་སེམས། འོ་ན་དེ་ལྟར་བརྩིས་ན་གནོད་པ་ཅི་ཡོད་ཟེར་ན། ཐོས་བསམ་གྱི་མཐའ་རྒྱ་ཆོད་པའི་རིག་པའི་དཔའ་བོ་སྒ་སྟོན་ཚང་ལྟ་བུ་ལ་ཁོ་བོ་ལྟ་བུའི་ཐོས་བསམ་གྱི་མིང་ཙམ་འཛིན་པ་དག་གིས་དཔྱད་པ་ཉི་ཚེ་བས་ཀླན་ཀ་འཚོལ་བ་ནི་མཁས་པ་དག་ཁྲེལ་དགོད་འཆོར་བའི་རྒྱུ་ལས་མ་མཆིས་པ་ཤེས་མོད། འོན་ཀྱང་ཇི་སྐད་དུ། ༼ལེགས་བཤད་བྱིས་པ་དག་ལས་ཀྱང་། །མཁས་པ་རྣམས་ཀྱིས་ཡོངས་སུ་ལེན། །དྲི་ཞིམ་བྱུང་ན་རིག་དྭགས་ཀྱི། །ལྟེ་བ་ལས་ཀྱང་གླ་རྩི་ལེན།

།༽ཞེས་གསུངས་པ་ལྟར་རྒྱུ་མཚན་ཅུང་ཙམ་ཡོད་ན་འཐད་མིན་རིགས་པའི་མཆོད་འབུལ་ཞིག་ཀྱང་མི་རིགས་པ་མིན་པར་བསམ། དེ་ཡང་བསམ་གཏན་དང་པོ་ལ་བསྐལ་ཆེན་ཕྱེད་ལ་བརྩི་ཞིང་གཉིས་པ་ཡན་ཆད་དུ་བསྐལ་ཆེན་རེར་བརྩི་དགོས་ན་གོང་དུ་མདོ་འདུས་དང་མཛོད་ཕུགས་ཞལ་མཐུན་པར་འོད་ཆུང་མན་ལ་བསྐལ་པ་ཕྱེད་རེ་དང་། འོད་གསལ་ནས་ཚད་མེད་དགེའི་བར་ཉིས་འགྱུར་རེར་ཚེ་ཇེ་རིང་དང་། ལུས་ཀྱང་ཚེ་ཚད་དང་མཐུན་པར་དཔག་ཚད་ཀྱི་ཕྱེད་རེ་སྐྱེད་པའམ་ལྡབ་རེ་འཕར་བའི་གོ་རིམ་དེ་དགོས་མེད་དུ་འགྱུར་བར་སྙམ་ཏེ། ཚངས་ཆེན་ནམ་ཚངས་རྒྱུང་སངས་པོ་འབུམ་ཁྲིས་བར་བསྐལ་དྲུག་ཅུ་ཙམ་ལས་མི་ཐུབ་ཅིང་། དེའི་གོང་གི་འོད་ཆུང་གིས་བསྐལ་ཆེན་གཉིས་ཏེ་བར་བསྐལ་བརྒྱ་དང་དྲུག་ཅུ་ཐུབ་པར་འགྱུར་བས། དེའི་བར་གྱི་ལུས་ཀྱི་དཔག་ཚད་དང་ཚེ་ཡི་བསྐལ་ཚད་གཉིས་གྲངས་མཉམ་པར་ཕྱེད་རེ་འཕར་དགོས་པའི་རྣམ་བཞག་འཇོག་ཐབས་དཀའ་སྟེ། ཚངས་ཆེན་གྱི་ཚེ་ཚད་ལས་འོད་ཆུང་ཕྱེད་གཅིག་འཕར་བ་དེ་བར་བསྐལ་ཕྱེད་འཕར་བ་དང་། བསྐལ་ཆེན་ཕྱེད་འཕར་བ། བསྐལ་ཆེན་ཕྱེད་ལ་བསྐལ་པར་བརྩིས་པའི་ཕྱེད་ཅིག་འཕར་བ་དང་གསུམ་གང་ལ་བྱས་ཀྱང་མི་འཐད་དེ། བར་བསྐལ་བརྒྱའམ་བསྐལ་ཆེན་གཅིག་དང་བཞི་ཆ་གཅིག་གི་ཁྱད་ཡོད་པས་སོ། །དེས་ན་མདོ་འདུས་དང་མཛོད་ཕུགས་ཞལ་མཐུན་པའི་ལུང་དེའི་བསྟན་དོན་གར་སོང་མེད་པར་འགྱུར་བས། དཀར་ཁུང་ཙམ་འདན་ཚེ་རྒྱ་མཐོང་ཙམ་བུག་པ་མ་ཚོར་བར་ཟད་དོ། ། དེ་ལྟར་བསྐལ་ཆེན་དང་བསྐལ་ཆེན་གྱི་ཕྱེད་ལ་བརྩི་མི་རིགས་ན། ད་འོ་ན་ཁྱོད་ཀྱིས་ཅི་ལྟར་འདོད་ཅེ་ན། ངས་ནི་ཚེ་ཚད་ཀྱི་བརྩི་གཞིའི་བསྐལ་པ་དེ་ནི་བར་བསྐལ་ལ་བརྩི་བ་མ་གཏོགས་གཞན་འོས་མེད་པར་སྙམ། རྒྱུ་མཚན་གང་ལ་ཐུག་ཅེ་ན། སྲིད་པའི་མཛོད་ཕུགས་ལས། ༼དབུ་མར་སྐྱེལ་སད་འོག་མིན་གནས། །བར་གྱི་བསྐལ་པ་ཞེས་བྱ་བ། །ཁྲི་དང་ཉིས་སྟོང་ལྔ་བརྒྱ་གནས། །༽10ཞེས་གསུངས་པ་ལ་བརྟགས་ན། གོང་གི་ཚད་མེད་དགེ་ནས་སྤྲིན་མེད་འོད་ལ་ལས་དབང་གིས་རྩ་དྲུག་དོར་བ་11ཙམ་ལས་གཞན་འོག་མིན་ལ་ཐུག་གི་བར་དུ་གཟུགས་ཁམས་ཀྱི་ལྷ་རྣམས་ཀྱི་ཚེ་ཚད་དང་ལུས་ཚད་གཉིས་ཀ་རིམ་བཞིན་འོད་ཆུང་གི་བར་དུ་གོང་མ་གོང་མ་རྣམས་འོག་མ་འོག་མ་ལས་ཕྱེད་རེ་དང་འོད་གསལ་ནས་ལྡབ་འགྱུར་གྱིས་འཕར་དགོས་པའི་གོ་རིམ་ཁྲེག་གེར་བཞག་པ་ལ། འོག་མ་རྣམས་བར་བསྐལ་ལ་བརྩི་མི་དགོས་བཞིན་གློ་བུར་དུ་འོག་མིན་གྱི་ལྷ་དེའི་ཚེ་ཚད་བར་བསྐལ་ལ་བརྩི་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག་པས་སོ། །དེས་ན་བྲུ་རྒྱལ་བ་གཡུང་དྲུང་གིས་གསུང་པ་འཐད་པར་སྙམ་སྟེ། བྲུ་རྒྱལ་གྱིས་མཛད་པའི་འཇིག་རྟེན་སྣོད་བཅུད་ཀྱི་འགྲེལ་པ་ལས། ༼འོ་ན་བསྐལ་པ་ཆེན་པོ་ཡིན་ནམ་ཆུང་ངུ་ཡིན་ཞེ་ན། དང་པོ་གསུམ་ནི་བསྐལ་པ་ཕྱེད་གཞན་མ་རྣམས་ནི་བསྐལ་ཆེན་ཡིན་གསུང་པ་ཡང་ཡོད་མོད་ཀྱིས། འོན་ཀྱང་བར་བསྐལ་ཡིན་ཏེ། བར་གྱི་བསྐལ་པ་ཞེས་བྱ་བ། ཞེས་གསུངས་སོ།།༽12ཞེས་གསུངས་འདུག  མ་ཟད་བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་དང་།རྗེ་མཉམ་མེད་ཆེན་པོ་རྣམ་གཉིས་ཀྱང་གོང་གི་མཛོད་ཕུགས་ཀྱི་ལུང་དེའི་རྗེས་སུ་འབྲང་སྟེ། བར་བསྐལ་ལ་བཞེད་པ་13ཡིན་འདུག་གོ །དེ་ལྟར་བོན་གྱི་བཀའ་གཞུང་འཛིན་པའི་མཁས་གྲུབ་ཆེན་མོ་རྣམས་ཀྱི་གསུང་གི་རྗེས་སུ་འབྲང་ནས། གཟུགས་ཁམས་དང་གཟུགས་མེད་ཀྱི་ལྷ་ཡི་ཚེ་ཚད་བར་བསྐལ་ལས་བརྩིས་ན་སྲིད་པའི་མཛོད་ཕུགས་ཀྱི་དགོངས་དོན་དངོས་ཡིན་པར་སྙམ། འོན་ཀྱང་ཁོ་ན་རེ།  བར་བསྐལ་ལ་བརྩི་ན། གནས་པའི་བསྐལ་པ་དང་འཇིག་པའི་བསྐལ་པ་ཟིན་རྒྱུ་ཨ་ཅང་སྟེ། འདོད་ལྷ་མ་ཆགས་གོང་ནས་ཚངས་ལྷ་འཇིག་པར་འགྱུར་བ་དང་། དེ་ལྟར་ན། སྤྱིར་མེས་འཇིག་པའི་ཤུལ་དུ་ཆགས་ན་བར་བསྐལ་གསུམ་གྱི་རྗེས་སུ་འདོད་ལྷ་རིམ་བཞིན་གྲོལ་དགོས་ཀྱང་། འདོད་ལྷ་མ་གྲོལ་གོང་ནས་གྲོལ་གཞི་ཚངས་ལྷ་གསུམ་ཀའི་ཚེ་ཚད་བར་བསྐལ་གཅིག་དང་ཕྱེད་ཙམ་ནས་རྫོགས་པར་འགྱུར་བས་མི་འཐད་ཟེར་ན། དེ་ལྟ་བུའི་རི་བོང་གནམ་རྡེབ་ཀྱི་སྡུག་བསྔལ་མི་དགོས་ཏེ། ཚངས་ལྷའི་ཚེ་ཚད་བར་བསྐལ་གཅིག་དང་ཕྱེད་ལས་རིང་བ་མེད་ཀྱང་འདོད་ལྷ་གྲོལ་ཁར་ཚངས་ལྷ་ཟད་མི་འགྲོ་བ་ནི། ཚངས་ལྷ་སྔོན་མའི་ཚེ་ཚད་རྫོགས་ཀྱང་ཚངས་ལྷ་གསར་སྐྱེ་ཡོད་པས་སོ། ། དེ་བཞིན་བསྐལ་ཆེན་ལ་མ་བརྩིས་ཀྱང་མེ་བདུན་ཆུ་གཅིག་གི་རྣམ་བཞག་འཇོག་མི་རུང་བར་ག་ལ་འགྱུར་ཏེ། ཚངས་ལྷ་དང་དགེ་ལྷའི་ཚེ་ཚད་ལ་མ་བསྟུན་ནའང་མེ་ཡིས་འཇིག་པའི་བསྐལ་ཆེན་བདུན་སོང་བའི་རྗེས་སུ་ཆུ་ཡིས་འཇིག་པའི་བསྐལ་ཆེན་གཅིག་འགྲོ་མི་ཆོག་པའི་རྒྱུ་མཚན་ཅི་ཡོད། འོན་ཀྱང་བསྐལ་པ་གཅིག་ལ་མེ་ཆུ་རླུང་གསུམ་གྱི་འཇིག་བྱེད་ཚང་པར་མུ་ཆགས་སུ་འབྱུང་ཞེས་གསུངས་པའང་ཡོད་པས་བསྐལ་མེ་ཉི་བདུན་ལ་མེ་བདུན་དང་། ཟླ་བ་དགུ་ཤར་ཆུ་ཀླུང་འཁྱིལ་ཞེས་པའི་ཆུ་ཀླུང་ཆེན་པོ་དེ་ལ་ཆུ་གཅིག་ཅེས་བརྗོད་པའང་ཡིན་སྲིད་སྙམ།

   འདི་ལྟར་སྨྲས་པའི་ཉེས་ཚོགས་རྣམས། །

                                              ཡོངས་འཛིན་དམ་པའི་དྲུང་དེར་བཤགས། །

དགེ་མཆིས་མ་རྣམས་བདེ་ཆེན་ཞིང་། །

མྱུར་བར་བགྲོད་པའི་རྒྱུར་འགྱུར་ཤོག །

གཡམ་དྲང་སྲོང་རྒྱལ་མཚན་གྱིས། ཁྱུང་པོ་སྟེང་ཆེན་དགོན་གབ་མཛོད་རིག་པའི་སློབ་གླིང་ནས་སྦྱར་བ་རེ་ཞིག་རྗོགས་སོ། །

 

དཔྱད་གཞིའི་ཡིག་མཆན། 1གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་དེབ་བཅུ་གཉིས་པའི་སྲིད་པའི་མཛོད་ཕུགས་ཤོག་གྲངས་༢༥ལས་གསལ།

2གངས་ཏི་སེ་དེབ་དང་པོའི་མདོ་འདུས་ཤོག་གྲངས༡༡ལས་གསལ།

3ཀོ་རྒྱལ་དགོན་ནས་དཔར་བའི་མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེའི་ཤོག་གྲངས་༡༢༩ལས་གསལ།

4གངས་ཏི་སེའི་ནང་གི་མདོ་འདུས་ཤོག་གྲངས་༡༡ལས། ཚངས་རིས་ཚངས་ཆེན་ཚངས་པ་འདུན་ན་འདོན། །འོད་ཆུང་ཚད་མེད་འོད་དང་འོད་གསལ་དང་། །དགེ་ཆུང་ཚད་མེད་དགེ་བ་དགེ་

རྒྱས་སོ། །སྤྲིན་མེད་འོད་དང་བསོད་ནམས་སྐྱེས་དང་འབྲས་བུ་ཆེ། །ཞེས་གསུངས་འདུག

ཆབ་མདོའི་ལྕགས་དཔར་མའི་མཛོད་སྒྲ་འགྲེལ་ཤོག་གྲངས་༡༡༤ལས། ཚངས་ལྷ་དང་པོ་ཚངས་

ཆུང་དང་། གཉིས་པ་ཚངས་ཆེན། གསུམ་པ་འབུམ་ཁྲི་དང་། འོད་ལྷ་དང་པོ་འོད་ཆུང་དང་། གཉིས་པ་

འོད་ཆེན་ནམ་ཉི་འོད་དང་། གསུམ་པ་ཟླ་འོད་ཅེས་དང་། དགེ་ལྷ་དང་པོ་དགེ་ཆུང་དང་། གཉིས་པ་

དགེ་ཆེན་དང་། གསུམ་པ་ཚད་མེད་དགེ་ཞེས་བསྟན།

ཀོ་རྒྱལ་དཔར་མའི་མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་ ཤོག་གྲངས་༡༢༩ལས། བསམ་གཏན་དང་པོ་

མས་ཡར་རིམ་བཞིན་དུ། འདུན་འདོན། ཀུན་འཁོར། འབུམ་ཁྲི་ནམ་ཚངས་ཆེན། གཉིས་པ་ལ་འོད་ཆུང། འོད་གསལ། ཚད་མེད་འོད། གསུམ་པ་ལ། དགེ་ཆུང་། དགེ་རྒྱས། ཚད་མེད་དགེ  བཞི་པ་ལ། སྤྲིན་

མེད་འོད་། བསོད་ནམས་སྐྱེས། འབྲས་བུ་ཆེ་ཞེས་མས་ཡར་བརྩི་བའི་གོ་རིམ་དེ་ལྟར་བསྒྲིག་འདུག

5ཀོ་རྒྱལ་དཔར་མའི། མཛོད་ཀུན་བཏུས་རང་འགྲེལ་ཤོག་གྲངས་༡༧༥ལས། འོ་ན་གཟུགས་

ཁམས་དེ་དག་གི་ཚེ་བསྐལ་དེ་བསྐལ་ཆེན་ཡིན་ནམ། བར་བསྐལ་ཡིན། དང་པོ་ལྟར་ན། ཚངས་ཆེན་བར་ཆད་ཁོ་ནར་འགྱུར་ཏེ། ཚེ་ཚད་མི་ཐིམ་པ་ལ་མེ་ཆུའི་བསྐལ་པ་འབྱུང་བས་སོ། ཞེས་གསུངས།

6གོང་གསལ་ཤོག་གྲངས་ལས། གཉིས་པ་ལྟར་ན། མེ་བདུན་ཆུ་གཅིག་ལ་སོགས་འཇིག་ཆགས་ཀྱི་བསྐལ་པ་དྲུག་ཅུ་རྩ་བཞི་བརྩི་བའི་གོ་དོན་མེད་དེ། ཚད་མེད་འོད་ཀྱང་བར་བསྐལ་བརྒྱད་དང་། ཚད་

མེད་དགེ་ཡང་བར་བསྐལ་དྲུག་ཅུ་རྩ་བཞི་ལས་མི་ཐུབ་པས་སོ། །ཞེས་གསུངས།

7གོང་གསལ་གྱི་ཤོག་གྲངས་ལས། བསམ་གཏན་དང་པོའི་ཚངས་རིས་རྣམས་ཀྱི་ཚེ་ཚད་ནི། བསྐལ་

ཆེན་གྱི་ཕྱེད་ལ་བསྐལ་པར་བརྩི་བའི་ཆས་བརྩི་སྟེ། ཚངས་ཆེན་བསྐལ་པ་ཕྱེད་དང་གཉིས་ཐུབ་པ་ལ་

བར་གྱི་བསྐལ་པ་དྲུག་ཅུ་ཡོད་པས་དེའི་ཚེ་ཐིམ་པ་དང་སྣོད་ལ་མེས་འཇིག་པ་འབྱུང་བ་དུས་

མཚུངས་པས་སོ། །ཞེས་གསུངས།

8གོང་གསལ་གྱི་ཤོག་གྲངས་ལས། འོན་ཀྱང་ཚངས་པ་ཆེན་པོ་ལ་ནི། གྲོགས་ཀྱི་ཀུན་ནས་བཀྲིས་

པའི་གཡོ་དང་། སྣོད་སྲིད་ཐམས་ཅད་ཀྱི་བྱེད་པ་པོར་ལྟ་བའི་ལོག་ལྟ་ཡོད་པས། ཚངས་ཆེན་ལ་གནས་

ཀྱི་བར་ཆད་ཅུང་ཙམ་རེ་འབྱུང་སྟེ། རླུང་གི་ཞིག་རྗེས་སུ་ཆགས་པའི་ཚངས་ཆེན་ལ་བར་བསྐལ་བརྒྱད་

ཀྱི་བར་ཆད་འབྱུང་ལ། ཆུས་ཞིག་རྗེས་སུ་ཆགས་པ་ལ་བར་བསྐལ་ལྔའི་དང་། མེས་ཞིག་རྗེས་ཆགས་ན་

བར་བསྐལ་གཉིས་ཀྱི་བར་ཆད་འབྱུང་བའོ། །ཞེས་གསུངས།

9གོང་གསལ་གྱི་ཤོག་གྲངས་ལས། བསམ་གཏན་གཉིས་པ་ཡན་ཆད་གཞན་ནི་བསྐལ་པ་ཆེན་པོར་

བརྩི་བ་སྟེ། རྒྱུ་མཚན་གོང་དུ་བསྐལ་པར་བཤད་ཟིན་ཏོ། །ཞེས་གསུངས།

10གངས་ཏི་སེ་དེབ་བཅུ་གཉིས་པ། སྲིད་པའི་མཛོད་ཕུགས་ཀྱི་གཞུང་ཤོག་གྲངས་༢༥ལས་

གསལ།

11ཞང་བོད་ཤེས་རིག་དཔེ་ཚོགས་ལས། བྲུ་རྒྱལ་གྱི།འཇིག་རྟེན་སྣོད་བཅུད་ཀྱི་འགྲེལ་པ་ཤོག་གྲངས་༡༢༢ལས། དུ་མུན་ཁི་ཁར་སྤྲིན་མེད་འོད་ནི་འགྱུར་བརྩིས་ན་བརྒྱ་དང་ཉི་ཤུ་རྩ་

བརྒྱད་ཐུབ་དགོས་པ་ལ། ལས་དབང་གིས་རྩ་དྲུག་འབྲི་ནས་བསྐལ་པ་བརྒྱ་དང་གཉིས་གནས་སོ། །

ཞེས་གསུངས།

12གོང་གསལ་གྱི་ཤོག་གྲངས་༡༢༡ལས་གསལ།

13ཀོ་རྒྱལ་དཔར་མ། རྗེ་ཡི་མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་ཤོག་གྲངས་༡༣༠ལས། བསྐལ་པ་དེ་

དག་གང་ཡིན་པ་ལ་འགྲེལ་པ་རྣམས་ལ་མི་མཐུན་པར་བཤད་པ་ལ་བརྟེན་ནས། མཁས་པ་དག་མི་

མཐུན་པར་སྨྲ་མོད་བར་བསྐལ་ཡིན་ཏེ། བར་གྱི་བསྐལ་པ་ཞེས་བྱ་བ་ཁྲི་དང་ཉིས་སྟོང་ལྔ་བརྒྱར་

གནས་གསུངས་སོ། །ཞེས་འགྲོ་མགོན་བློ་གྲོས་ཀྱིས་བཞེད་དོ། །ཞེས་གསུངས་སོ། །

 

དཔྱད་གཞིའི་ཡིག་ཆ་གཞན།

སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས་ལས། ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ།

འ་ཞ་བློ་གྲོས་རྒྱལ་མཚན་གྱིས་མཛད།

ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས་ལས། སྲིད་པའི་མཛོད་ཕུགས་ནང་གི་སྣོད་བཅུད་ཀྱི་དོན་འགྲེལ་གསལ་

བྱེད། གཉོས་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད།

༢༠༡༡ལོར་བཏོན་པའི་མུ་ཁྲི་བཙན་པོ་ལས། ཚངས་ཆེན་གནས་ཀྱི་བར་ཆད་གླེང་བ། མཁར་ནག་སྐལ་བཟང་རྒྱ

་མཚོའི་མཛད།

༢༠༠༤ལོར་བཏོན་པའི་བགྲེས་པོའི་འབེལ་གཏམ་ལས། ཆགས་གནས་འཇིག་སྟོང་བཞིའི་སྐོར་གྱི་རྣམ་བཤད་རྟོག་གེའི་ཁ་རྒྱན། སྤུ་རྒྱལ་ཉི་མ་རྒྱལ་མཚན་གྱིས་མཛད།

 

 

 

Re:ལུང་དང་རིགས་པའི་བགྲོ་གླེང་། | 2013/5/22 11:09:22
སྐུ་མགྲོན་vaq1Tg(སྐུ་མགྲོན)ལུང་དང་རིཌཔའི་བདེན་ཁ་མཉམ་བརྡར་སའི།
ལུང་རིགས་རྩི་ཏོག་འཁྲུང་སའི་བོན་མཚེར་སྟེང་།ལུང་རིགས་བོན་ལ་མོས་པའི་བོན་ཕྲུག་གིས། ལུང་དང་རིགས་པའི་གཏེར་མཛོད་སྒོ་ཕྱེས་ནས།
ལུང་དང་རིགས་པའི་བགྲོ་གླེང་ཟབ་རྒྱས་གནང་།
ལུང་རིཌསྣུམ་པོས་བརྫིས་པའི་རྩོམ་འདི་བཟང།ལུང་རིགས་གཤོག་ཟུང་ལྷན་དུ་རྐྱོང་ནས་འགྲོ།
ལུང་རིགས་རེ་བ་ཆེ་བའི་རིག་ལམ་པ།
གྲོགས་མཆེད་མཁར་བུ་མིང་པས་འདི་ནས་བྲིས།
བསོད་ནམས་བློ་གྲོས།
རྩོམ་པ་པོ།:སྐུ་མགྲོན་vaq1Tg(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ལུང་དང་རིགས་པའི་བགྲོ་གླེང་། | 2013/5/22 7:59:30
སྐུ་མགྲོན་806Fv3(སྐུ་མགྲོན)རྣམ་དཔྱོད་ཆུ་འཛིན་འཁྲུག་པའི་ཀློང་
ཚིག་རྒྱན་དབྱར་རྔས་རབ་བཏེགས་ཏེ་
དཔྱད་བརྗོད་སྦྲང་ཆར་ཟེགས་མ་ཡིས་
སྐལ་ལྡན་བློ་ཡི་པད་མོ་བཞད་
ཤེར་སྙིང་ངམ་དམུ་ར་རྒོད་ནས
རྩོམ་པ་པོ།:སྐུ་མགྲོན་806Fv3(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ལུང་དང་རིགས་པའི་བགྲོ་གླེང་། | 2013/5/21 22:51:11
boncuteདཔྱད་ཡིག་གལ་ཆེན་ཏག་ཏག་མཁོ་སྤྲོད་གནངས་བར་དགའ་ཡོད། གུས་པ་གངས་ཐིག་གིས།
Re:ལུང་དང་རིགས་པའི་བགྲོ་གླེང་། | 2013/5/21 16:22:52
luobianཕྱེད་ཀ་བཀླགས་ཞར་ཁོམ་ཞོར་བཙལ་ནས་ད་རུང་ཡོང་རྩིས་ཡོད། བཀའ་དྲིན་ཆེ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.