སེམས་ནང་གི་ཞུ་བ།
ཡུལ་གངས་ལྗོངས་གཡང་གི་ར་བའི་གཞིས་ཁྱིམ་ནས་མཚར་ལང་བྱུང་བའི་དེང་གི་ན་གཞོན་གསར་བུ་རྣམ་པ་ལགས། ཁྱེད་རྣམ་པ་བཀྲ་ཤིས་བདེ་ལེགས། དེ་རིང་ཁར་སོང་ནི་དུས་རབས་ཉེར་གཅིག དེ་
རིང་ཁར་སོང་ནི་ཤེས་ཡོན་གྱི་དུས་རབས། དེ་རིང་ཁར་སོང་ནི་མཐུན་སྒྲིལ་གྱི་དུས་རབས་ཞེས་གླེང་
བཞིན་ཡོད་པ་ས་ཡི་དབུས་ནས་མཐའ་ལ་སོང་ཞིང་། མཐའ་ནས་དབུས་སུ་བསྐོར་བའི་གདོང་དམར་ཚང་གི་ཕོ་རྒོད་ཁྱུ་ཞིག་སྟེ། དམར་སེར་རིགས་སྨྲའི་ཁྱུ་ཚོགས་ནས་དང་། དམའ་འབྲིང་མཐོ་གསུམ་གྱི་སློབ་ཕྲུག་གིས་ཚོགས་དབུས་འགའ་ཞིག་ནས་གཏམ་དེ་འཆད་བཞིན་འདུག འོན་ཀྱང་ཆུ་རྒྱུད་ཉིན་ལམ་ཙམ་དང་། ལབ་རྩེ་ན་མགོ་ཙམ་གྱི་ཕར་ཆོད་དུ་བརྒལ་མ་མྱོང་བའི་གཞོན་སྐྱེས་ཁྱུ་ཞིག་ནི་སྔར་བཞིན་རྩྭ་སའི་རྩོད་གླེང་དང་། ཕུ་ནུ་ནང་འཁྲུག་གི་ལས་ལ་གཞོལ་བཞིན་འདུག་པ་ཇི་འདྲའི་ཐབས་རྡུགས་པོ་ཞིག་མ་ཡིན་ནམ། དེས་ན་དེ་རིང་ཁར་སོང་ནི་མཐུན་སྒྲིལ་གྱི་དུས་རབས། ཤེས་ཡོན་གྱི་དུས་
རབས། དཔལ་འབྱོར་གྱི་དུས་རབས་སོགས་བཟང་རྒུ་ཡག་བཅུ་འཛོམས་པའི་དུས་རབས་འདིའི་ནང་
དུ། ཁྱེད་གཞོན་སྐྱེས་རྣམ་པ་ནི། མ་འོངས་པའི་གངས་ལྗོངས་ཡིན་ལ། མ་འོངས་པའི་གངས་ལྗོངས་ཀྱི་
ཟུང་ཁྲག་ཡང་ཡིན་ཞིང་། མ་འོངས་པའི་གངས་ལྗོངས་ཀྱི་བདག་པོ་ངོ་མ་དེ་ཡང་ཁྱེད་ཅག་ཡིན་པས་
ངས་འདིར་ཁྱེད་ཅག་ལ་རང་གི་བསམ་ཚུལ་ངོ་མ་ཞིག་ཞུས་ན། རྩྭ་སའི་རྩོད་གླེང་ངམ་ཕུ་ནུ་ནང་དམེ་
ནི་ཟད་མི་ཚར་བའི་ནད་ངན་ཡིན་ལ། ནད་ངན་དེས་བརྣག་པའི་ཁྲག་དྲི་དང་རྣག་དྲི་ནི་ཡི་ག་འགག་པའི་དྲི་ངན་ཞིག་ཡིན་ལ། ཟ་ཕྲུག་ཆེ་བའི་ཀྲང་འབུར་ཞིག་ཡིན་ཞིང་། ཉལ་ས་འོག་གི་རྡོ་རིལ་དེ་ཡང་འདི་ཡིན་པས་རྡོ་རིལ་སེལ་དགོས་པ་ཨེ་ཤེས་ཞེས་དྲི་བ་ཡིན། བསམ་བློ་བྲང་སྟོད་དུ་སྐོར་ཤེས་པའི་མི་བུ་ཞིག་ཡིན་ན་འདི་ཤེས་འོས་པའི་ཚད་དུ་སླེབས་ཡོད་ཅེས་ཤེད་ཀྱིས་བཤད་པ་ཡིན། ཁྱིམ་ཚང་གཉིས་ཀྱི་བར་ནས་གྱེན་དུ་རྒྱུག་པའི་རྩེག་པ་དེ་འུ་ཚོའི་འདི་དང་ཕྱི་མའི་རྨང་རྡོ་མིན་ལ། མིག་རྒྱང་རིང་པོའི་མདུན་ལམ་ཡང་དེ་བས་མ་ཡིན། དེས་ན་ཁྱེད་ཁག་གཉིས་ནས་དེ་ནི་བཏང་སྙོམས་སུ་འཇོག་འོས་པ་ལས། དེའི་ཆེད་དུ་ཚེ་སྲོག་རྡོ་ལ་རྒྱག་པ་ནི་རང་ཉིད་རྩེག་གྱོང་ཧྲུལ་པོ་ཞིག་དང་བརྗེས་པ་ལས། གཞན་པའི་ཁེ་དང་སྙན་གྲག་གང་ཡང་མ་ཡིན་ནོ། །དེས་ན་རང་ཉིད་ཀྱི་ཚེ་སྲོག་འདིས་གོ་ཅི་ཞིག་ཆོད་དགོས་པ་དང་། འདི་ལ་རིན་ཐང་ཅི་ཞིག་ཡོད་པ་འདང་ཞིག་རྒྱོབས་ཞེས་ཞུ་བ་ཡིན།
- ཟིན་ཐོ་གོང་མ།དད་འདུན་སྤྲོ་གསུམ་གྱིས་སྨོན་ཚིག །
- ཟིན་ཐོ་འོག་མ།གཤེན་རྒྱལ་དྲན་གླུ།