བྱམས་པའི་ཕ་དང་བརྩེ་བའི་མ།
ང་དང་ཚང་རོགས་མིང་སྲིང་རྣམས་ཀྱི་མགོན། །
ང་ཚོའི་རྣམ་ཤེས་མི་ལུས་འགྲིམས་ནས་བཟུང་། །
ཉིན་གྱི་འགྲོ་འདུག་ང་ཚོའི་ཆེད་དུ་གཉེར། །
མཚན་གྱི་རྨི་ལམ་ང་ཚོའི་དོན་དུ་མྱོང་། །
ཕྱག་འདབ་འཇམ་པོས་ང་ཚོའི་ལུས་ལ་འཇུས། །
སྐད་ངག་འཇམ་པོའི་ང་ཚོའི་མིང་ནས་བོས། །
ཕུ་ཡི་ཕྱུགས་ནོར་ང་ཚོའི་ཆེད་དུ་འཚོས། །
མདོ་ཡི་ཁང་གཞིས་ང་ཚོའི་དོན་དུ་བཙས། །
ལུས་ཀྱི་ལང་ཚོ་ང་ཚོའི་ཆེད་དུ་ཤོར། །
སེམས་ཀྱི་སྡུག་བསྔལ་ང་ཚོའི་དོན་དུ་མྱོང་། །
སྡུག་དང་གཏམ་ངན་ང་ཚོའི་དབང་གིས་བསགས། །
དགེ་དང་བདེ་བ་ང་ཚོས་ཡལ་དུ་བཅུག །
མགོ་ཡི་སྐྲ་ལོ་ནག་ནས་དཀར་པོར་གྱུར། །
ཡ་ཐོད་དཀྱིལ་དུ་སྔར་མེད་གཉེར་མས་ཁེངས། །
ཚེམ་ཕྲེང་ཚར་དུ་དངར་རྣམས་སོ་སོར་འཐོར། །
དེང་གི་ཕ་མའི་སྣང་བརྙན་ཤ་རེ་ཚ། །
ངག་གི་ཚིག་དང་བཞིན་གྱི་འཛུམ་མདངས་དང་། །
སྤྱན་གྱིས་ལྟ་ཕྱོགས་རེ་རེའི་བར་གསེང་ནས། །
ཤ་དང་རུས་པའི་གསེང་ནས་བཏོན་པ་ཡི། །
ང་ལ་གཅེས་པའི་སྙིང་གི་རང་མདངས་མཐོང་། །
མདོར་ན་ལུས་དང་སྲོག་ཀྱང་ཕངས་མེད་ཀྱིས། །
གཅེས་པའི་བུ་དང་བུ་མོ་ངེད་ཅག་ལ། །
དགོས་པའི་ཞལ་ཏ་མཁོ་བའི་རྒྱུ་ནོར་སོགས། །
དྲིན་ཆེན་ཕ་མ་དག་ལས་གཞན་པ་སུས། །
ནམ་དང་ཉི་མའི་དུས་ཚོད་སོང་རིམ་བཞིན། །
ང་དང་ཚང་ཟླའི་མིང་སྲིང་གཅེན་གཅུང་རྣམས། །
ཟོལ་མེད་བརྩེ་བའི་སེམས་ཀྱིས་སྐྱོང་མཁན་ནི། །
དྲིན་ཆེན་ཕ་མ་གཉིས་ལས་གཞན་པ་སུ། །
དེང་སང་གཞན་ཡུལ་འགྲིམས་པའི་བུ་ཆུང་ངས། །
ཕ་དང་ཨ་མའི་སྣང་བརྙན་ཡིད་ལ་འཁོར། །
སེམས་ཀྱི་ཕྱེད་ཀ་ཕ་མ་དྲན་གདུང་ཡིན། །
བཞིན་གྱི་ཕྱེད་ཀ་མིག་ཆུས་གང་ལ་ཁད། །
- ཟིན་ཐོ་གོང་མ།ང་འདི་ལྟར་ཡིན།
- ཟིན་ཐོ་འོག་མ།དད་འདུན་སྤྲོ་གསུམ་གྱིས་སྨོན་ཚིག །