རྟ་རྒན་གྱི་སྡུག་ཡུས་ཁེར་ལབ།
ང་ཐོག་མར་བྱང་ཐང་གི་སྐྱ་སྔོ་འདྲེས་མ་ཚར་བའི་རི་གཤམ་ཞིག་ཏུ་རྟེའུ་ཆུང་ཞིག་གི་ལུས་
བླངས་ཐེས།མ་དྲིན་ཆེན་མའི་ནུ་འོ་ཁ་ལ་རག་ནས་ངའི་ལང་ཚོ་ཡང་དལ་གྱིས་སྨིན་བྱུང་།
སྐབས་དེ་དུས་ངའི་བསམ་པར། མི་ཡི་བུ་ནི་ཞ་བོ། ཁྱི་ཡི་བུ་ནི་ལོང་ང་། བྱ་ཡི་བུ་ནི་ཐེ་ལི།
ཨ་མ་ངེད་མ་བུ་གཉིས་ལས་དགའ་བ་སུ་ཞིག་ཡོད། ཞག་གསུམ་རེད་ནས་རྩྭ་ཟ། ཟླ་གསུམ་
རེད་ནས་ཆུ་འཐུང་། ལོ་གསུམ་རེད་ནས་སྒ་རྒྱག །ཅེས་བསམ་ནས་ཨ་མ་ལ་ཡང་དེ་སྐད་
སྨྲས་ནས་རང་བྱུང་ཁོར་ཡུག་གི་མཛེས་ལྗོངས་ཕ་ཡུལ་བྱས། དྭངས་གཙང་བདག་མེད་
ཀྱི་རྩྭ་ཆུ་ཅི་དགར་རོལ་ནས་དགའ་སྐྱིད་ཀྱི་དཔལ་ལ་སྤྱོད་བཞིན་དུ་ལོ་ངོ་གསུམ་ཙམ་ལ་
སོན་དུས། ཉིན་ཞིག་བདག་པོ་ངོ་ནག་ཁོས་རྒྱབ་གཞུང་སྒ་ཡིས་གཟེར། འཕོངས་ཤ་ལྕག་
གིས་བྲབ། ཁ་ཤ་ལྕགས་ཀྱིས་བཅུན། གློ་སྒང་ཡོབ་ཀྱིས་བརྡུངས་ཏེ། ཁ་རྩུབས་དགོས་ཟེར་
ནས་གཡས་དཀྱུ་དང་གཡོན་དཀྱུ་མང་དུ་བྱས་ཤིང་མཐར་རོ་སྟོད་དབུགས་ཀྱིས་འཚང་།
ལུས་པོ་རྔུལ་ཆུས་གང་། ཁ་གཞུག་ནས་ཁྲག་དམར་ཆིལ་ལེར་ཐོན་པར་བྱས་ཏེ། མི་ཡིས་
བསམ་པ་ལྟར་འགྲོ་མ་ཤེས་དུས་མནར་གཅོད་དྲག་པོ་དེ་འདྲ་བཏང་རུང་། ལས་ངན་དུད་
འགྲོ་ང་མི་ཡིས་བདག་ཏུ་བྱེད་དགོས་དུས་འདི་འདྲ་ཞིག་ཡིན་རྒྱུ་རེད་སྙམ་ནས་སྡུག་སེམས་
རང་གསོ་བྱས་ནས་བསྡད་པ་མ་གཏོགས། ཞེ་འཁོན་དང་གནོད་སེམས་རྩ་བ་ནས་འཆང་
མ་མྱོང་བ་དེ་འདྲ་ཡིན། སྐབས་དེ་དུས་ནས་བཟུང་སྟེ་ན་སོ་དགུ་ཡར་ལྷག་གི་རྟ་རྒན་ཞིག་
མ་རེད་བར་དུ། ངས་བདག་པོ་ངོ་ནག་ཁོ་ལ་དགུ་མཐུར་བཅུ་བྱས་ཏེ། གར་སོང་གར་བསྡད་
ལ་འཚོ་བའི་ཟས་ཆས་དང་། ཉལ་བའི་གོས་ཆས་དང་བཅས་པ་མདོར་ན་ཡོད་ཚད་རྒྱབ་ཏུ་
ཁུར་ནས་སོང་བས། ངའི་རྒྱབ་རྩིབ་སྒ་ཡིས་བཅོམ། མཆིན་འོག་གློ་ནན་གྱིས་ཕུག རྔ་རྩ་རྨེད་
ཀྱིས་བྲེག་ཏེ་ཉིན་མང་པོར་རྩྭ་ཆུ་ཁམ་གང་ཡང་མ་རག་ནས་བདག་པོ་ཁོའི་དོན་དུ་བསམ་
ཡུལ་ལས་འདས་པ་དེ་འདྲ་ཉོན་མྱོང་། འོན་ཀྱང ་འཇིག་རྟེན་མི་ཟེར་བ་དེ་ཞེ་ནག་ལ་བློ་
གཏད་ས་མེད་པའི་སྙིང་མེད་ཅིག་རེད་འདུག ལྟོས་དང་ཁ་སང་དེ་རིང་གི་སྐབས་སུ། སྤྱིར་
ན་ས་གཞི་དྲིན་ཆེན་མའི་ཐོན་སྐྱེད་དབྱར་རྩྭ་དགུན་འབུའི་བཀའ་དྲིན་དང་། སྒོས་སུ་ངའི་
སྤུན་ཟླ་དང་འདྲ་བའི་གཡག་རྒན་དྲིན་ཆེན་ཚོ་གཅིག་རྗེས་གཉིས་མཐུད་དུ་རིམ་བཞིན་བཤས་
ར་ནང་ལ་རྒྱབ་སྟེ། དེ་དག་གི་སྡུག་ཆུ་བསགས་པའི་ཡོན་འབབ་ཀྱིས། སྙིང་རྗེ་མེད་པའི་བདག་པོ་
ངོ་ནག་ཁོ་འཕྲུལ་གྱི་རྟ་ཕོས་ས་ཁ་རི་ལུང་བཞམས་ནས་འགྲོ་ཆོག་པ་ཞིག་བྱུང་དུས། འོག་རྟ་དྲིན་
ཆེན་ང་ལ་གོ་མི་འདུག་ཟེར་ནས། བྱ་དགའ་ཁྱི་སྐྱིད་བྱས་ཏེ་རི་ལ་བཀར་སོང་། དེ་རིང་དགུན་
གྱི་ཁ་བས་ལ་ལུང་གཏུམས་ནས་ལྷག་རླུང་གིས་རྒྱབ་པགས་བཤུས་པ་ཙམ་བྱུང་བའི་གྲང་ངར་མ་བཟོད་ནས། ལན་འགར་བདག་པོའི་སྒོ་རུ་འཁོར་ནའང་ཆས་ཁམ་གང་དང་ཁེབ་མ་ལེབ་གཅིག་
ཤ་ཚ་སྙིང་རྗེ་བྱེད་ནས་འགེབ་རྒྱུ་ཕར་ཞོག གཟའ་ཚང་ཆེ་ཆུང་ཡོ་ལང་བྱས་ནས་རྡོ་དང་
དབྱུགས་པའི་ཆར་པ་ཕབ་ཏེ་རྟ་རི་ལ་ཕུད་དགོས་ཟེར་ནས། འབྲོང་དར་མའི་དཔའ་རྔམ་ལས་
མི་ཕོད་པའི་རི་སྤྱང་སྔོན་མོའི་རྒྱུག་ལམ་མམ། ཝ་དམར་མོའི་གྲ་རྩེ་ལས་མི་བཟོད་པའི་བསེར་
བུ་རླུང་ལྡང་ཁ་ཞིག་ཏུ་ནན་གྱིས་ཕུད་བྱུང་། ལྟོས་དང་བཀའ་དྲིན་ལ་བསམ་ཤེས་མེད་ཅིང་
དྲིན་ལན་ལོག་འཇལ་བྱེད་པའི་བདག་པོ་ངོ་ནག་ཧམ་སེམས་ཅན་དེ་ཚོ་ཇི་འདྲའི་ཡ་ང་ལ་སྐྱི་འཇིགས་པ་ཞིག་རེད་ཨང་། ད་ནི་ང་ཇི་ལྟར་འཚོ་དགོས་ཨེན་ཧུ་ཧུ་་་། རི་མགོའི་རྩྭ་ལ་བརྟེན་
དགོས་ནའང་གཟུགས་བཞི་སྒས་ཤིང་གུག སྤང་རྒོད་ཁ་བས་གཏུམས་དུས་རྭ་བཞི་ས་ལ་
ཚུག་པ་དཀའ་བ་མ་ཟད། བྱང་སྟོང་གི་གཅན་སྤྱང་ལ་ཡང་སྙིང་རྗེ་མེད་པས། ང་འདི་ལྟར་
གསོན་ཟོས་བྱེད་དུ་འཇུག་དགོས་སམ། ཧིན་་་བདག་མེད་ཀྱི་གཡུང་དྭགས་འཁྱམས་པོ་ངའི་
སྐྱིད་སྡུག་ལ་བསམ་མཁན་ཞིག་གནམ་འོག་འདིར་སྲིད་དམ། འདི་ལྟར་ཆ་མི་སྙོམས་པའི་
འཇིག་རྟེན་འདི་རུ་ང་ཇི་ལྟར་འཚོ། འུག་པའི་དགོད་སྒྲ་དང་གཅན་སྤྱང་གི་ངུ་སྒྲས་ཁེངས་
པའི་མུན་ཁྲོད་ཀྱི་ལུང་སྟོང་འདི་རུ་ང་ཇི་ལྟར་བྱེད་དགོས་ཨེན་ཧུ་ཧུ་་་་་་་་་་་་་་་་་་་་་་་་་་
- ཟིན་ཐོ་གོང་མ།སློབ་གྲོགས་ལ་བཅངས་པའི་བརྩེ་སེམས།
- ཟིན་ཐོ་འོག་མ།གཞན་ཡུལ་འགྲིམས་པའི་བུ་ཆུང་།