གཤེན་རྒྱལ་དྲན་གླུ།
གཡམ་དྲང་སྲོང་།
ལ་ལས་མེད་ཅེས་སྨྲ་ནས་རྣ་ཅོག་བཟུར། །
ལ་ལས་གར་ཡོད་ཟེར་ནས་བྱ་ར་བྱེད། །
ལ་ལས་སྒྲུང་དུ་བསྙོན་ནས་སྐུལ་པ་འདེབས། །
ལ་ལས་དུད་འགྲོའི་བཟོ་ཞིག་ཨེ་ཐོན་བསམ། །
འགའ་ཞིག་བདུད་བོན་ཟེར་ནས་ཐན་དུ་ལྟ། །
ཚོ་རེས་གཏོ་ཆོག་ཙམ་ལས་མི་ཤེས་ཟེར། །
དེ་ཡང་དམར་མཆོད་ཟེར་ནས་སྒྲོ་ཞིག་བཏགས། །
མདོར་ན་ནང་པ་མིན་པའི་ལོག་བཤད་རྒྱབ། །
བྱང་སེམས་མིང་དུ་གྲགས་པའི་མགོ་རིལ་དེ། །
ཁྲི་སྲོང་གདོན་གྱིས་བསླུས་པའི་ཨ་གསར་གྱིས། །
འཇོན་བློན་སྤྱུགས་པའི་ཆེད་དུ་མ་གདན་གོང་། །
གོས་སྔོན་རལ་པ་ཅན་གྱི་སྲུང་ཁ་དྲོ། །
ཤག་ཀྱའི་བུ་ཡིས་བཤད་པའི་ཆོས་གཏམ་དེ། །
བྷོ་ཏི་མཁན་པོའི་འཕྲལ་འཕྲུལ་མིག་གཡོ་ཡིས། །
གངས་ལྗོངས་འཁྲུག་པའི་རྒྱུ་རུ་མ་དྲངས་གོང་། །
པོ་ཏི་སྔོན་པོ་ཅན་གྱི་ལེ་ཚན་མང་། །
རྡོ་རྗེ་མཐུར་སྦུབ་ཅན་གྱི་སྒྲ་དབྱངས་དེ། །
པད་མ་མཚོ་ལས་སྐྱེས་པའི་ཡ་མཚན་གྱིས། །
གངས་ལྷ་དཀྲོགས་པའི་རྐྱེན་དུ་མ་དཀྲོལ་གོང་། །
ཁྲི་ལོ་གནམ་གྲགས་འབར་བའི་སིང་སྐད་སྙན། །
གཏོ་འདི་ཡག་ཁ་སྤེལ་བའི་ཞལ་ལྕེ་ཡིན། །
དགེ་བ་བཅུ་གྲངས་བསྙེན་པས་འདི་ཕྱིར་བདེ། །
ཁྲིམས་ཀྱི་རྩ་ལག་ཚང་པས་སྒྲིབ་པ་དག །
འདི་དག་ཤག་ཀྱ་བས་ཀྱང་གཤེན་རབ་སྔ། །
འཕན་ཡུལ་སྣང་སྟོང་ཟུང་དུ་འཇུག་པའི་སྒོ །
ཆབ་དཀར་ལུས་སེམས་ལྷ་རུ་བསྒྱུར་བའི་བོན། །
དཔོན་གསས་སེམས་ཉིད་ཀློང་དུ་སྒོམ་པའི་སྡེ། །
མཐོ་ཐོག་སྤྱི་ཆབ་ནམ་མཁའ་ལྟ་བུའི་མཛོད། །
འདི་ནི་གཤེན་རྒྱལ་བསྟན་པའི་ཁྱད་བོན་ཡིན། །
འདི་ནི་ཐོད་དཀར་བུ་ཡི་མཁྱེན་ཡོན་ཡིན། །
ཞང་ཞུང་ལུང་པའི་རྩེ་ནས་ལུད་པ་ཡིན། །
སྒོ་ཕུག་བར་གྱི་ཁྱོན་ལ་ཁྱབ་པ་ཡིན། །
ཡབ་ཡུམ་སྲས་དང་བཅས་པའི་ཁུངས་ལུང་ཡོད། །
ལོ་ཟླ་ཚེས་དང་བཅས་པའི་འཁྲུངས་རབས་ཡོད། །
སྔགས་བཙུན་སྒོམ་སྡེ་བཅས་པའི་རྗེས་འཛིན་ཡོད། །
ཞྭ་དཀར་གོས་སྔོན་བྱེད་པའི་ཆ་ལུགས་ཡོད། །
གཟི་བརྗིད་སྤྱི་ཁྱབ་གཞུང་ལས་མཛད་རིམ་གསལ། །
གཟེར་མིག་གནད་ཀྱི་མདོ་ལས་བརྡ་ཆད་མང་། །
ཀློང་རྒྱས་མཆོད་པའི་གཞུང་ལས་ང་ཚོས་ཀློག །
སྲིད་པ་སྤྱི་མདོས་ཆོ་གས་སྐྱོན་འཛུགས་བསལ། །
ཁྲི་ལོའི་གོང་ནས་གྲགས་པའི་གཤང་སྐད་དང་། །
སྟོང་རིའི་རྒྱབ་ནས་ཆེམ་པའི་རྔ་སྐད་དེ། །
པོ་ཏི་སྔོན་པོ་བཀླགས་པའི་བོན་སྐད་གསུམ། །
དེ་རིང་གཤེན་རྒྱལ་དྲན་པའི་གླུ་སྐད་ཡིན། །
རྒྱུ་སྐར་རྒྱལ་དང་འགྲོགས་པའི་ཉ་ཟླ་དེ། །
འཛམ་བུའི་ཨ་སྔོན་དབྱིངས་སུ་མངོན་དང་ལྷན། །
ཁྲ་མོའི་གཤེན་སྡེ་ཆེ་རུ་སྒྲོན་ཚོགས་བཀོད། །
འདི་དག་གཤེན་རྒྱལ་དགྱེས་པའི་མཆོད་སྤྲིན་ཡིན། །
གཡམ་དྲང་སྲོང་གིས་བོད་ཤིང་རྟ་ལོའི་སྟོན་པའི་འཁྲུངས་ཚེས་ཆེན་མོའི་དུས་
ཆེན་སྐབས་གཤེན་རྒྱལ་གང་དེ་རྗེས་དྲན་གྱི་མཚོན་བྱེད་ཙམ་དུ་ཕུལ་བ་དགེ་
བར་གྱུར་ཅིག་གུ། །
- ཟིན་ཐོ་གོང་མ།སེམས་ནང་གི་ཞུ་བ།
- ཟིན་ཐོ་འོག་མ།སྙན་ངག་གི་དེབ་ཕྲེང་<< རི་སྐེད་ནས་བཏབ་པའི་ཀི་སྒྲ >>།
གཤེན་ཆེན་མི་བོའི་དུས་ཆེན་སྐབས་སུ་གཤེན་རྒྱལ་དྲན་པའི་གླུ་ཆུང་སྙན།།
གོ་ལའི་ལྗོངས་ཀྱི་མི་མཐུན་སྨག་རུམ་གཤེན་བསྟན་སྒྲོན་མེས་གསལ་བར་སྨོན།།
འཛིན་གྲོགས་གཅིག་པའི་ཁྱུང་གསེར་གཤང་གནམ་གྲགས་ནས།།