གཞན་ཡུལ་འགྲིམས་པའི་བུ་ཆུང་།
རང་ཡུལ་སྣུམ་པོ་རྒྱང་ལ་བསྐྱུར་ན་ཡང་། །
གཞན་ཡུལ་སྐྱ་མོ་འཁྲས་སུ་བྱས་ནས་སུ། །
དྲིན་ཆེན་ཕ་མ་རྒྱང་ཐག་རིང་ན་ཡང་། །
གཞན་གྲོགས་ལས་མཐུན་རྣམས་དང་སྙིང་འདྲེས་གྱུར། །
བཅུ་དྲུག་གཞོན་ནུའི་དུས་ནས་བྱིས་ལ་སོང་། །
ཕ་ཁྱིམ་སྣུམ་པོའི་དྲོད་ཁུལ་བྲལ་ན་ཡང་། །
གྲྭ་ཁང་ཆུང་ངུ་ཞིག་ཏུ་བྲང་བྱས་ནས། །
འཚོ་བ་ངོ་མ་ཁེར་རྐྱང་ལམ་དུ་བསྐྱལ། །
ཕ་གཞིས་ནོར་ཕྱུགས་ཁྱུ་རྣམས་བསྐྱུར་བྱས་ཏེ། །
ཟ་འཐུང་གཞན་གྱི་སྒྲིག་ལ་བརྟེན་བྱས་ནས། །
ཁྱིམ་གྱི་དཔལ་འབྱོར་དེབ་རྩེག་འགའ་ཙམ་ལ། །
ལོ་མང་རོལ་བའི་སྣང་བ་ཕྱིར་དྲན་བྱུང་། །
ནམ་ཕྱེད་བརྩེ་བ་རོལ་སའི་ཆུང་མ་དང་། །
ཉིན་གུང་གཅེས་སྐྱོང་བྱེད་སའི་ལུས་ཀྱི་བུ། །
གང་ཡང་མེད་ཀྱང་སྣ་མང་ཤེས་བྱ་ལ། །
ཡེངས་ནས་ལོ་གྲངས་དུ་མ་ཡུད་ཙམ་འདས། །
འཚོ་བ་འདི་ལ་བཙན་པོའི་རྒྱབ་ལྗོངས་དང་། །
ཕྱུག་པོའི་རྒྱུ་གཉེར་གཉེན་འདུན་རོགས་རམ་སོཌ། །
གང་ཡང་དབེན་པར་གྱུར་ཀྱང་རང་གི་སེམས། །
རེ་ཞིག་ཚིམ་པར་གྱུར་འདི་ཅི་ཡིས་བྱས། །
ལྡབ་ལྡིབ་སྨྲས་ནས་ཟད་པའི་ལྕེ་རྩེ་དང་། །
དེབ་ཤོག་བསྒྱུར་ནས་ཞུ་བའི་མཛུབ་མོ་གཉིས། །
ལྷན་གཅིག་རྒས་པའི་ཚུལ་ལ་བལྟས་ཙམ་ན། །
ང་ཡི་འཚོ་བ་འདི་ལ་སྙིང་པོ་ཅི། །
༢༠༡༣ ༥ ༡༢དགོང་མོར་གྲོགས་པོ་ཞིག་ལ་ཁ་པར་བཏང་བའི་རྗེས་སུ། དྲང་རྒྱན་པས་ཤར་མར་སྨྲས།
- ཟིན་ཐོ་གོང་མ།རྟ་རྒན་གྱི་སྡུག་ཡུས་ཁེར་ལབ།
- ཟིན་ཐོ་འོག་མ།སྙན་ངག་ལ་ཕྱིར་དྲན།
གཞུང་ཤེས་རིག་དམུ་ཡུལ་ནས་འཚོ་བའི་།
གྲོགས་བཟང་པོ་བོན་སྨྱུག་གི་འཚེར་ས་།
ཞུམ་མི་དགོས་སྙིང་སྟོབས་དེ་སྐྱོད་གཅིག།
དམུ་ར་ནས་
རྒྱལ་བསྟན་འདུལ་ཁྲིམས་བཅའ་ཡིག་བཞིན་དུ་སྐྱོང་།། རྒྱལ་བསྟན་དྭངས་མ་ཚུལ་ཁྲིམས་བསླབ་པའི་ཕྱུག། རྒྱལ་གཤེན་ཤེས་བྱའི་གཞུང་ལ་རབས་འབྱམ་པའི།། རྒྱལ་བའི་བོན་ལ་སྤྱོད་པའི་བོན་སྨྱུག་དེ།། རྒྱལ་བསྟན་བརྟན་པོར་འཛིན་པའི་བསྟན་འཛིན་དངོས།། མི་ཚེ་ཡོངས་འཛིན་མདུན་དུ་མཉམ་སྤྱོད་པའི།། འཛིན་གྲོགས་མཆེད་གྲོགས་ང་ཡིས་ཕུལ་བ་ཡིན།། སྟེང་གི་བསོད་བློ་ནས།།