ཚུགས་ཀ་ཤོར།
གཤིས་ཀྱི་གནས་ལུགས་དེ་ཡི་ཚུར་རོལ་ན། །
མི་འདོད་སྡུག་བསྔལ་བརྒྱ་ཡི་ཕ་རོལ་ན། །
སྣང་བ་ཁྲ་ཁྲ་འདི་ཡི་བར་གསེང་ན། །
བོན་ཉིད་སྙིང་པོ་རྟོགས་པའི་རྣལ་འབྱོར་ཉུང་། །
རང་འདོད་རྩ་ནས་སྤངས་པའི་ཚུ་རོལ་ན། །
ཕྱོགས་རིས་བློ་ཡིས་བཅིངས་པའི་ཕ་རོལ་ན། །
དྲན་རྒུ་འཕྲུལ་བཅུ་དེ་ཡི་བར་གསེང་ན། །
དགེ་སྦྱོར་གཙང་མར་སྒྲུབ་པའི་ཚུགས་ཀ་ཤོར། །
གཞུང་ལུགས་གདམས་པར་ཤར་བའི་ཚུ་རོལ་ན། །
ལོག་རྟོག་སྙིང་སྟོབས་རྒྱས་པའི་ཕ་རོལ་ན། །
སྙིགས་མའི་ངན་རྟགས་འཚུབ་པའི་བར་གསེང་ན། །
དད་དང་དག་སྣང་ཡལ་བའི་ངང་ཚུལ་མཐོང་། །
དབེན་སར་གཏན་སྡོད་བྱེད་པའི་ཚུ་རོལ་ན། །
རྐུ་ཇག་ཁྲམ་ལ་རྒྱུག་པའི་ཕ་རོལ་ན། །
འགྲོ་འདུག་འཕྲུལ་གྱིས་བསྐོར་བའི་བར་གསེང་ན། །
ལུས་སེམས་དགེ་ལ་བསྐུལ་བའི་གོ་སྐབས་བྲལ། །
བསོག་བསོག་བརྣག་བརྣག་བྱེད་པའི་རྗེས་ཤིག་ཏུ། །
བདེ་བདེ་ཟ་ཁོམ་མེད་པའི་དུས་ཤིག་ཏུ། །
ཚེ་ཡི་འཕེན་པ་རྫོཌ་པའི་རྒན་པོ་འགའ། །
མི་ཚེ་བསོག་ལ་བརྩོན་ཡང་སྤྱོད་སྐབས་བྲལ། །
གོ་ཚད་ཞིབ་འཇུག་བྱེད་པའི་རྗེས་ཤིག་ཏུ། །
བདེན་བདེན་གྲོལ་སྐབས་མེད་པའི་དུས་ཤིག་ཏུ། །
དབུ་ལོ་དཀར་པོར་གྱུར་པའི་རྟོག་གེ་འགའ། །
མི་ཚེ་སློབ་ལ་བརྩོན་ཡང་ཤེས་སྐབས་བྲལ། །
གཞུང་མང་ཐོས་པས་རོལ་བའི་སྐབས་ཤིག་ཏུ། །
གྱོང་གྱོང་རང་རྒྱུད་མ་ཐུལ་དུས་ཤིག་ཏུ། །
ཁེངས་སེམས་རི་ལས་མཐོ་བའི་ཐ་སྙད་མཁན། །
ཁ་བཤད་དོན་ལ་སྦྱོར་བའི་དུས་ཚོད་དཀོན། །
- ཟིན་ཐོ་གོང་མ།རྩོད་ཐུན་གཅིག་གི་འགྲེལ་ཆུང་།
- ཟིན་ཐོ་འོག་མ།ཁེ་ཕམ་ཕྱེས་པ།