ཁེ་ཕམ་ཕྱེས་པ།
རྒན་གོག་ལུས་སོས་དལ་ན་ཁེ་རེད། །
གཞོན་ནུ་ལུས་སོས་དལ་ན་ཕམ་རེད། །
མཛེས་མ་འཕྱོར་འདོད་ཆེ་བ་ཁེ་རེད། །
དགེ་མ་འཕྱོར་འདོད་ཆེ་བ་ཕམ་རེད། །
སྐྱ་བོ་ཚོང་ལས་མཁས་ན་ཁེ་རེད། །
གྲྭ་པ་ཚོང་ལས་མཁས་ན་ཕམ་རེད། །
སྒོ་ཁྱི་སྤྱང་ལ་སྡང་ན་ཁེ་རེད། །
བུ་རྒྱུད་ཕ་ལ་སྡང་ན་ཕམ་རེད། །
དགེ་བྱེད་རི་ལ་འགྲིམས་ན་ཁེ་རེད། །
སྒོ་ཟོག་རི་ལ་འགྲིམས་ན་ཕམ་རེད། །
མནའ་མ་ཁྱོ་ལ་བྱམས་ན་ཁེ་རེད། །
བུ་མོ་བྱི་ལ་བྱམས་ན་ཕམ་རེད། །
རྐང་ཐང་འདོར་ལེན་མགྱོགས་ན་ཁེ་རེད། །
འཕྲུལ་ཞོན་འཁོར་ལོ་མགྱོགས་ན་ཕམ་རེད། །
གྲྭ་གཞོན་རིག་རྩལ་འགྲན་ན་ཁེ་རེད། །
ཕོ་གཞོན་དཔའ་རྩལ་འགྲན་ན་ཕམ་རེད། །
ལུང་རིགས་རྒོལ་ལན་བྱས་ན་ཁེ་རེད། །
མཚོན་ཆའི་གཡུལ་འགྱེད་བྱས་ན་ཕམ་རེད། །
ཁྱི་ཕག་ཟ་རྒྱུ་མང་ན་ཁེ་རེད། །
མི་ལ་ཟ་རྒྱུ་མང་ན་ཕམ་རེད། །
ཚོགས་ལ་གཏོང་ཕོད་ཆེ་ན་ཁེ་རེད། །
བག་ལ་ཤོར་ཕོད་ཆེ་ན་ཕམ་རེད། །
ཉིན་ལ་དགོན་པར་གནས་ན་ཁེ་རེད། །
མཚན་ལ་གྲོང་ཁྱེར་འགྲིམས་ན་ཕམ་རེད། །
དཔྱིད་དབྱར་འབུ་རྫ་བརྐོས་པ་ཁེ་རེད། །
སྟོན་དགུན་མ་ཅཱང་རྒྱབ་པ་ཕམ་རེད། །
བློ་ཁུག་སྒོར་མོས་གང་བ་ཁེ་རེད། །
མ་རྩ་བུ་ལོན་ཡིན་ན་ཕམ་རེད། །
གྲོགས་པོའི་མཛའ་མཐུན་ཆེ་བ་ཁེ་རེད། །
བློ་གཏད་བཅོལ་ས་མེད་ན་ཕམ་རེད། །
མི་རིགས་ལ་རྒྱ་ཡོད་པ་ཁེ་རེད། །
སྐད་ཡིག་སྦྱོང་སྤྱོད་མ་ཤེས་ཕམ་རེད། །
རྩྭ་ཐང་བདག་གཉེར་བྱེད་པ་ཁེ་རེད། །
ཕུ་ནུ་ནང་དམེ་བྱེད་པ་ཕམ་རེད། །
གོས་སུ་བོད་ལྭ་གྱོན་པ་ཁེ་རེད། །
མཐའ་ལ་སྟག་ལྤགས་བརྒྱན་པ་ཕམ་རེད། །
ལུས་ལ་གཙང་སྦྲ་བྱེད་པ་ཁེ་རེད། །
རྐེ་ལ་སྲུང་མདུད་མེད་པ་ཕམ་རེད། །
རྟ་ལུག་གཡང་དུ་འབོད་པ་ཁེ་རེད། །
སྒོ་ལ་ལུག་རྡོག་མེད་པ་ཕམ་རེད། །
གཟའ་ཟླ་ནང་དུ་རུམ་པ་ཁེ་རེད། །
ཕ་མ་སྒོ་ལ་ཕུད་ན་ཕམ་རེད། །
དེང་རབ་བརྙན་འཕྲིན་མཐོང་བ་ཁེ་རེད། །
གནའ་སྲོལ་དགོང་འདོན་ཆད་པ་ཕམ་རེད། །
ཕྱི་རྒྱལ་མིག་དཔེ་ལེན་པ་ཁེ་རེད། །
གཅེར་བུ་གོས་ནས་བུད་པ་ཕམ་རེད། །
བོན་སྨྱུག་གིས་བྲིས།
- ཟིན་ཐོ་གོང་མ།ཚུགས་ཀ་ཤོར།
- ཟིན་ཐོ་འོག་མ།ངེས་འབྱུང་སྤུ་སུད་དང་བོན་དྲེད་རྒན་པོ།
དཔྱོད་ལྡན་རིན་རྒྱལ་ལགས། ཕེབས་པར་དགའ་བསུ་ཞུ།